མཚོ་སྔོན་གྱི་ལྗང་མདོག་སྐྱེ་ཁམས་ཐད་གྲུབ་འབྲས་གསར་པ་བླངས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 112

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་པར་རིས་མཁོ་འདོན་བྱས།

རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་དང་པོ་རྒྱལ་ཁའི་ངང་སྤེལ་བ་དང་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད། རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བདེ་བླག་ངང་ལེགས་པོར་སྒྲུབ་པ་དང་། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་གསུམ་ནས་བརྒྱ་ཆའི་བདུན་དང་གྲངས་ཆུང་ལྔ་བར་ཇེ་མཐོར་སོང་ཡོད། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ཆ་སྙོམས་ལེགས་པའི་ཉིན་གྲངས་སུམ་བརྒྱ་ལྔ་ནས་ཉིན་སུམ་བརྒྱ་ང་བཞི་བར་ཕྱིན་ཡོད། ཆུ་བོ་ཆེ་གྲས་གསུམ་གྱི་གཞུང་རྒྱུན་ཞིང་ཆེན་ནས་ཐོན་པའི་ཆུ་སྤུས་རིགས་གཉིས་པ་དང་གཉིས་པ་ཡན་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཙོང་ཆུའི་ཆུ་ཞིང་ཆེན་ཕྱི་རུ་བཞུར་བའི་རིགས་བཞི་པའི་ཆུ་སྤུས་ཀྱི་ཚད་གཞི་བརྒྱ་ཆའི་བརྒྱ་ཟིན་ཡོད།

དེ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་བཟང་པོ་ཞིག་ཡིན་ལ་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་བྱ་སྤྱོད་ནུས་ལྡན་ཞིག་ཀྱང་རེད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པའི་དུས་དང་བར་སྟོང་གལ་ཆེན་གྱི་དུས་རིམ་མགོ་བརྩམས་པ་དང་། ལམ་ཐག་རིང་པའི་རྨོ་འདེབས་དང་ཐོན་འབབ་ལ་ཕྱིར་ལྟ་བྱས་ཏེ། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ལ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་བྱས་པས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱ་སྤྱོད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པས། སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་ཀྱི་དམིགས་ཚད་དུས་ལྟར་མངོན་འགྱུར་བྱུང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་དང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་རྒྱུ་དེ་མཚོ་སྔོན་མི་དམངས་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་གྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

རྒྱལ་ཁབ་སྤྱི་གླིང་གི་མིང་བྱང་སྔར་ལས་བཀྲག་མདངས་མཚེར།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་གལ་ཆེན་ཡང་སྐྱེ་ཁམས་ཡིན། ཞིང་ཆེན་གྱི་གནས་ཐིག་གཏན་འཁེལ་ལ་རྐང་བཙུགས་ནས་སྐྱེ་ཁམས་ཀྱི་ཆེས་བཟང་བ་མངོན་པར་བྱས་ཡོད། 2016ལོར། རྒྱལ་ཡོངས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ་མཚོ་སྔོན་དུ་སྤེལ་འགོ་ཚུགས་པ་དང་། མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས་པོ་གསར་སྐྲུན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་གྱི་ལམ་བུ་ཞིག་བཏོད་ཡོད། 2017ལོར། མཚོ་སྔོན་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ཞིང་ཆེན་གྱི་གྲས་ཤིག་ཏུ་གྱུར་ནས་ད་བར་མཚོ་སྔོན་རྒྱལ་ཡོངས་ཀྱི“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་སྒྲིག་གཞིའི་ཚོད་ལྟའི་ཞིང་ཆེན་དང་པོར་གྱུར་པ་དང་། 2019ལོར། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་མགོ་ཚུགས་པ་དང་། རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་ཞུགས་ནས་ཉམས་མྱོང་གསར་སྐྲུན་དང་དཔེ་སྟོན་གྱི་ལས་འགན་ལྕི་པོ་སླར་ཡང་འཁུར་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་སྐབས་སུའང་བསྐྱར་དུ་རྩིས་བཤེར་བྱ་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་དང་སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཚོད་ལྟའི་ལས་འགན་སྣ་སོ་གཅིག་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཕྱོགས་བསྡུས་ཚོད་སྐོར་ཁྲོད་མདུན་གྲལ་དུ་སླེབས་པ་མ་ཟད། འཚོལ་ཞིབ་དང་གསར་གཏོད་གསར་རྐྱང་ཞིག་ཡིན་པའི་ངོས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་གླིང་ཁུལ་གྱི“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པ་དང་སྐྱེ་ཁམས་བདག་སྐྱོང་བ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་ཡི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཟིན་ཡོད་པ་རེད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་ཕྱོགས་བསྡུས་ཁྲིམས་འཛིན་དང“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཟུང་དུ་འབྲེལ་བའི”ལས་ཀའི་ལམ་སྲོལ་བཙུགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དྲིལ་བསྒྲགས་སློབ་གསོ། དམངས་ཚིས་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་ལམ་སྲོལ་གསར་པ་དང་བྱེད་སྟངས་གསར་པ་རབ་དང་རིམ་པ་བཙུགས་ཡོད།

ད་ལྟའི་བར་དུ།《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ཨང་དང་པོར་གྱུར་པ་དང་།《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དེ་རང་རྒྱལ་གྱི་ལོ་རྒྱུས་ཐོག་ས་གནས་ཀྱི་ཁྲིམས་བཟོའི་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་སྲོལ་དང་པོར་གྱུར་པ་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། དེ་སྔོན་གྱི“ཆུ་བཅོས་སྐྱོང”དང་ཁྲིམས་འཛིན“ཐར་ཐོར་ཅན”གྱི་དཀའ་ཁག་ནུས་ལྡན་ངང་སེལ་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་གསའ་ལྔ་དང་རི་བོང་དྲུག བྱེ་ཐང་གི་ཞི་ལ་ལྔ་བཅས་མཉམ་དུ་གནས་པའི་རྩ་ཆེའི་རྣམ་པ་ཞིག་པར་ལེན་བྱས་ཡོད་པ་མ་ཟད། དེ་ནི་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁུལ་གལ་ཆེན་གྱི་གྲས་ཤིག་ཀྱང་རེད།

བརྒྱུད་རིམ་དེའི་ཁྲོད། རང་ཞིང་གིས་རྒྱལ་ཡོངས་ནས་སྔ་རྗེས་སུ་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་དཔྱད་འཇོག་དང་ཧྲིལ་བསྡུས་ལེགས་སྒྱུར་བྱེད་པའི་བྱ་བ་སྤེལ། རིགས་བརྒྱད་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བརྒྱ་དང་དགུའི་ཁྲོད་ས་ཁུལ་དོན་དགུ་ཧྲིལ་བསྡུས་ལེགས་སྒྲིག་བྱས་པ་དང་། ཧྲིལ་བསྡུས་བྱས་རྗེས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གསུམ་དང་སྟོང་བཞི་བརྒྱ་ཇེ་མང་དུ་ཕྱིན་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བསྡུར་གྲངས་ཀྱི་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་བཞི་གཉིས་བར་མཐོ་རུ་ཕྱིན་ཡོད་པ་དང་། བརྒྱ་ཆའི་གྲངས་ཐིག་བཞི་དང་གྲངས་ཆུང་བརྒྱད་དགུ་མཐོ་རུ་ཕྱིན་པ་དེའི་ཁྲོད་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་གཉིས་བཟུང་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་རགས་ཙམ་ཆགས་ཡོད།

གྲུབ་འབྲས་ཀྱིས་མི་རྣམས་དགའ་བ་དང་སྐུལ་མ་ཐེབས་སུ་འཇུག་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་ལོ་གསུམ་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་། རྒྱལ་ཁབ་སྤྱི་གླིང་གིས“གོམ་སྟབས་གསུམ་ལ་སྐྱོད་པའི”འཐབ་ཇུས་ཁྲོད་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཡིད་དབང་འཕྲོག་ཤུགས་སླར་ཡང་མངོན་ནས་མཛེས་སྡུག་གི་སྐྱེ་ཁམས་མིང་བྱང་ཞིག་ཏུ་འགྱུར་རྒྱུ་རེད།

མཚོ་སྔོན་གྱི་མི་རྣམས་ཀྱིས་སྡོང་འཛུགས་ནགས་སྐྲུན་བྱེད་པ་དེ་དཔྱིད་ཀ་དང་འགྱུར་བ་མེད་པའི“དུས་ཆད”བྱས་ཡོད།

དཔྱིད་དུས་སུ་སླེབས་སྐབས། མཚོ་སྔོན་གྱི་ས་གནས་སོ་སོའི་ལྗང་མདོག་ཁྲོད་སྡོང་འཛུགས་ནགས་སྐྲུན་དཔུང་ཆེན་གྲོང་ཁྱེར་དང་ཡུལ་ཚོའི་གང་སར་ཁྱབ་ནས་བྲེལ་འཚུབ་ཀྱིས་ཁེངས་ཡོད། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། སྡོང་འཛུགས་ནགས་སྐྲུན་བྱ་རྒྱུ་དེ་མཚོ་སྔོན་པ་དང་དཔྱིད་ཀའི་འགྱུར་མེད་ཀྱི“དུས་ཆད”ཅིག་ཏུ་གྱུར་ཡོད། མི་རབས་ནས་མི་རབས་བར་མཚོ་སྔོན་པས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། གཙང་པོའི་ཆུ་འགོའི་ས་གཞི་ཆེན་མོ་བསྐྱར་སྐྲུན་བྱས་ནས་མཐོ་སྒང་གི་རི་ཆུ་ནགས་གསུམ་ལ་ཚེ་སྲོག་གི་འཁོར་རྒྱུག་མ་ལག་གསར་པ་བསྩལ་ཡོད།

2017ལོ་དང2018ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྟུད་མར་ལོ་གཉིས་ལ་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱ་སྤྱོད་ལ་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་ཆེ་རུ་ཕྱིན་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོའི་བྱ་བ་སྤེལ་པས། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལྗང་མདོག་རི་མོ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། 2019ལོ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་ཀྱི་མཇུག་བསྡུ་བའི་ལོ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་དུས་སྐབས་ཤིག་རེད་ཅེས་བརྗོད་ཆོག

ལོ་དེར། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་བདེ་བླག་ངང་མཇུག་སྒྲིལ་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་འཚོགས་ནས་རིམ་པ་བཞིན་ལྗང་བསྒྱུར་དམིགས་འབེན་འགན་འཁྲིའི་ཡི་གེ་བཞག་པ་དང་། རིམ་པ་བཞིན་ལྗང་བསྒྱུར་ལས་འགན་ཁག་བགོས་དོན་འཁྱོལ་བྱས་ཏེ། ལོ་ཧྲིལ་པོར་བསྡོམས་པས་ས་སྤྱི་ཆིང་འབུམ་གཉིས་དང་ཁྲི་བརྒྱད་སྟོང་བདུན་ལ་ནགས་སྐྲུན་བྱས་པ་དང་། འཆར་གཞིའི་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་བདུན་ལྷག་ལེགས་འགྲུབ་བྱས་ལ། དེའི་ཁྲོད་མིའི་ཐབས་ལ་བརྟེན་ནས་ནགས་སྐྲུན་བྱས་ཚད་སྤྱི་ཆིང་འབུམ་གཅིག་དང་ཁྲི་བདུན་སྟོང་བརྒྱད་ལྷག་ཡིན་པ་དང་། རི་བཀག་ནགས་གསོ་བྱས་ཚད་སྤྱི་ཆིང་ཁྲི་ལྔ་ལྷག་ཡིན་ལ། ནགས་ཚལ་བདག་གཉེར་བྱས་ཚད་སྤྱི་ཆིང་ཁྲི་ལྔ་དང་སྟོང་བདུན་བདུན་བརྒྱ་ལྷག་བཅས་རེད།

ཚ་ཚ་འུར་འུར་གྱི་ལྗང་བསྒྱུར་སྐུལ་སློང་ཆེན་མོ་དེ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱིས་ལོ་གསུམ་ནང་བསྡོམས་པས་སྤྱི་ཆིང་འབུམ་བརྒྱད་དང་ཁྲི་གཉིས་སྟོང་བརྒྱད་ལ་ནགས་སྐྲུན་བྱས་པ་དང་། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་གྲངས་ཐིག་གཅིག་ཙམ་ཇེ་མང་དུ་ཕྱིན་ནས་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་དྲུག་ཟིན་ཡོད་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་སྐྱེ་ཁམས་འཛུགས་སྐྲུན་ལོ་རྒྱུས་ཐོག་ནགས་སྐྲུན་གྱི་གཞི་ཁྱོན་ཆེས་ཆེ་བ་དང་ནགས་ཚལ་ཐོན་ཁུངས་ཇེ་མང་དུ་སོང་བའི་ལོ་གསུམ་རེད། བྱེ་འགོག་བྱེ་བཅོས་སྤྱི་ཆིང་འབུམ་གཅིག་དང་ཁྲི་བཞི་སྟོང་བརྒྱད་དྲུག་བརྒྱ་ལེགས་སྒྲུབ་བྱས་པ་དང་། རྨ་ཆེན་རྫོང་ཁྲང་མ་ཧོ་དང་ཝུའུ་ལན་རྫོང་གི་ཙོ་ཧོ་གཉིས་ལ་རྒྱལ་ཁབ་བྱེ་འགྱུར་བཀག་སྡོམ་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱེད་མགོ་བརྩམས། བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཉིས་དང་དགུ་བརྒྱ་གསར་དུ་བསྣན་པ་དང་། ཞིང་ཆེན་ཡོངས་ཀྱི་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ཆིང་འབུམ་ལྔ་དང་ཁྲི་བརྒྱད་སྟོང་གཉིས་བཞི་བརྒྱ་བཅས་རེད།

རྒྱལ་ཁབ་ཀྱི་ས་ཁོངས་ལྗང་བསྒྱུར་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྨང་གཞི་གལ་ཆེན་ཞིག་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་རེད། 2020ལོར། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ནགས་སྐྲུན་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཇུས་གཞི》པར་འགྲེམས་བྱས་པ་དང་། དུས་རབས་གསར་པའི་ནགས་སྐྲུན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་བླང་བྱ་གསལ་བོ་བཏོན་པ་རེད། ལོ་དེར། ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2020ལོ་ནས2022ལོ་བར)》པར་འགྲེམས་བྱས་པ་རེད། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི(2020ལོ་ནས2022ལོ་བར)》ཡན་ལག་སྒྲིག་ཆས་སུ་བྱས་ཏེ། རྗེས་ཕྱོགས་ལོ་གསུམ་ནང་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་དམིགས་འབེན་ལས་འགན་གསལ་བོ་བྱས་པ་དང་། ནགས་སྐྲུན་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བརྟན་པོ་བྱས་ཡོད།

ད་ལྟ། མི་རབས་འགའི་རྒྱུན་འཁྱོངས་ལྷོད་མེད་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྐྱེ་ཁམས་དང་དཔལ་འབྱོར་གཉིས་མཉམ་རྒྱལ་ཡོང་བ་དང་། དགུང་སྔོན་དང་ས་གཞི་ལྗང་མདོག ཆུ་དྭངས་མོ། མི་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལྗང་མདོག་འཆར་གཞི་དེ་རིམ་བཞིན་མི་རྣམས་ཀྱི་མིག་ལམ་དུ་མངོན་བཞིན་ཡོད།

སྦགས་བཙོག་འགོག་བཅོས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ།

ཉེ་ལམ་བཏོན་པའི་གཞི་གྲངས་སྐོར་ཞིག་ལས་མངོན་པ་ལྟར་ན། 2020ལོའི་བར། ཟི་ལིང་གི་མཁའ་དབུགས་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཚད་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་གསུམ་ཟིན་པ་དང་། མཁའ་དབུགས་ཀྱི་སྤུས་ཚད་སླར་ཡང་ནུབ་བྱང་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་ལྟེ་བའི་གྲོང་ཁྱེར་དུ་ལེགས་ཤོས་སུ་གྱུར་པ་མ་ཟད། ནུབ་བྱང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དུ་ལོ་དྲུག་ལ་བསྟུད་མར་ཨང་དང་པོ་ཐོབ། མཚོ་སྔོན་གྱི་ནམ་མཁའ་གཡའ་དག་པ་དང་སྤུས་ཀ་སྔར་ལས་མཐོ་རུ་ཕྱིན་ཡོད་པ་རེད།

དེ་ནི་རང་ཞིང་གིས་མཐའ་གཅིག་ཏུ་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བསྡུས་རིས་ཤིག་རེད། ཟི་ལིང་ནས་ཞིང་ཆེན་ཡོངས་ལ་བལྟས་ཚེ། ནུས་ཤུགས་ཡོད་རྒུས་དགུང་སྔོན་དང་ཆུ་དྭངས་ཤིང་གཙང་པ། ས་གཙང་སྲུང་སྐྱོབ་བཅས་ལ་དམག་འཐབ་ཡག་པོ་རྒྱག་པ་དང་། “མཚོ་སྔོན་གྱི་ནམ་མཁའ་གཡའ་དག་པ་དང་རྩྭ་ཐང་སྔོ་ལྗང་། གཙང་པོ་དང་མཚེའུ་དྭངས་མོ”བཅས་ནི་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་གྱིས་རྩ་ལག་མཉམ་བཅོས་དང་གནད་འཁེལ་སྦགས་བཙོག་འགོག་བཅོས། ཚན་རིག་དང་མཐུན་པའི་སྦགས་བཙོག་འགོག་བཅོས། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་བཅས་འབུར་དུ་བཏོད་ནས། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་སྦགས་བཙོག་བཅོས་སྐྱོང་། ས་རྒྱུའི་སྦགས་བཙོག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་།

2020ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་ཇེ་ལེགས་སུ་སོང་བའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་གཉིས་ཟིན་པ་དེ2015ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་ཐིག་བཅུ་གསུམ་དང་གྲངས་ཆུང་ལྔ་མཐོ་རུ་ཕྱིན་ཡོད། འབྲི་ཆུ་དང་རྨ་ཆུའི་ཆུ་ལག རྫ་ཆུ་བཅས་ཞིང་ཆེན་ནས་ཐོན་པའི་ཆུའི་སྤུས་ཚད་ཐོག་མཐའ་བར་གསུམ་དུ་ཇེ་ལེགས་སུ་སོང་ཡོད་པ་དང་། ཙོང་ཆུ་དང་ཞིང་ཆེན་ནས་ཐོན་པའི་ཆུའི་སྤུས་ཚད་ཀྱིས་བཟུང་བའི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས“ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་དྭངས་གཙང་གི་མ་ཡུམ་ཆུ་བོ་ཞིག་ཡིན་པའི”དམིགས་འབེན་མངོན་འགྱུར་བྱུང་།

ད་ལྟའི་བར་དུ། ཞིང་ཆེན་ཡོངས་ཀྱིས་ས་ཁུལ་རིམ་པ་དང་རྫོང་རིམ་པ། གཙོ་གནད་ཡུལ་ཚོ་དང་གྲོང་རྡལ་བཅས་ཀྱི་མི་ཁྲི་ལྷག་གིས་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་བརྒྱ་དང་བཅུ་བཞི་དབྱེ་འབྱེད་གཏན་འཁེལ་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་སྔོན་ལ་གྲོང་ཁྱེར་གྱི་དྲི་ངན་ཆུ་གཟུགས་བཅོས་སྐྱོང་བྱ་བ་ལེགས་སྒྲུབ་བྱས་པ་རེད། རིམ་རྩིས་ལྟར་ན། སྡེ་བ་དང་འབྲོག་པའི་གཏན་སྡོད་གནས་སྟོང་བཞི་དང་ལྔ་བརྒྱ་བཅོ་ལྔ་བཅོས་སྒྲིག་བྱས་པ་དང་། འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱས་པའི་སྡེ་བ་སུམ་བརྒྱ་བཅུ་གསུམ་ལ་སླེབས་པས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཁྱོན་ཡོངས་ལ་ཁྱབ་པ་དང་། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱས་པའི་སྡེ་བ་དང་སྲིད་འཛིན་སྡེ་བའི་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས་བརྒྱ་ཆའི་བཅུ་ལས་བརྒལ་བའི་དམིགས་འབེན་བླང་བྱ་བཏོན་པ་རེད།

མིག་སྔའི་མཚོ་སྔོན་ལ་བལྟས་ཚེ། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་གཟུགས་འདས་ཤུལ་ཁྲོད་འཇོག་པའི་རེ་ཞུ་ལེགས་འགྲུབ་བྱུང་བ་མ་ཟད། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་དུ་གྱུར་ནས་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་བཞི་ཟིན་པ་དང་། མཚོ་སྔོན་པོའི་ཉ་ལུའོ་ལིའི་ཐོན་ཁུངས་གསོག་འཇོག་བྱེད་ཚད་དེ་སྲུང་སྐྱོབ་མ་བྱས་སྔོན་ལས་ལྡབ་སོ་བརྒྱད་འཕར། དགོ་བ་དུས་རབས་སྔོན་མའི་དུས་མཇུག་གི་སུམ་བརྒྱ་ལྷག་ཙམ་ནས་སྟོང་གཉིས་དང་བདུན་བརྒྱ་སླར་གསོ་བྱུང་། གཙོད་དེ་སྔོན་གྱི་ཁྲི་གཉིས་ཙམ་མེད་པ་ནས་ད་ལྟ་ཁྲི་བདུན་ཡས་མས་སུ་སླར་གསོ་བྱུང་ཡོད། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་མངོན་པ་དང་ལྗང་མདོག་གི་མངའ་ཁོངས་ཆུང་བ་ནས་ཆེ་རུ་སོང་བས། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ཁམས་སྔར་ལས་ཇེ་ལེགས་སུ་སོང་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།