
ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ་བློ་མཐུན་ཞིན་ཁྲང་ཞིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་རུ་བདམས་པ་དང་། བློ་མཐུན་ཝུའུ་ཞའོ་ཅུན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོར་བདམས།
ཚོགས་ཐོག་ཏུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི། དྲུང་ཡིག་ཆེན་མོའི་གྲོས་གཞིའི་མིང་ཐོ་སོགས་ལ་གྲོས་སྡུར་བྱས།
ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ནི་བསམ་བློ་གཅིག་གྱུར་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ། བརྩོན་སེམས་ཡར་སྐྱེད་ཀྱི་ཚོགས་འདུ་ཞིག་ཡིན་པ་དང། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་བའི་ཐད་ཆབ་སྲིད་དང་བསམ་བློ། རྩ་འཛུགས་བཅས་ཀྱི་ཐད་ནས་གྲ་སྒྲིག་གང་ལེགས་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ངོས་འཛིན་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་གསར་དུ་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་དང་ལག་བསྟར་ནན་མོ་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བར་ཞུགས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་ལ། དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཛིན་སྐྱོང་བྱེད་པར་འབྲེལ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དང་འབྲེལ་ཡོད། ཚོགས་ཆེན་སྐབས་ཀྱི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་པ་དང་། ཚོགས་ཆེན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་རྒྱུ་ནི། འཐུས་མི་རེ་རེའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལག་བསྟར་བྱེད་པ། དྲིན་གཟོའི་བསམ་བློ་དང་གུས་སྐྲག་གི་བསམ་བློ་བཅངས་ནས། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་མཐོན་པོས་འཐུས་མིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། བློ་སེམས་རྩེ་གཅིག་གིས་ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཁྲོད་ཞུགས་པ། སྒྲིག་ལམ་དང་བླང་བྱ་སྣ་ཚོགས་བརྩི་སྲུང་ནན་མོ་བྱེད་པ། ཏང་ཀྲུང་དབྱང་གི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར། ཐེངས་འདིའི་ཚོགས་ཆེན་དེ་དར་ཆ་མཐོན་པོར་སྒྲེང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། རང་རྟོན་རང་འཕེལ་དང་མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་བསྡུ་བར་མཉམ་དུ་འབད་འཐབ་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།