

ཟླ10པའི་ཚེས17ཉིན། བློ་མཐུན་ལིས་ཀྲན་ཧྲུའུ་ཡིས་ཁོ་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སི་ཁྲོན་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་དང་མཉམ་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་གྲོས་སྡུར་བྱས།
ཞིན་ཧྭ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར། ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན། བློ་མཐུན་ལིས་ཀྲན་ཧྲུའུ་ཡིས་ཁོ་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སི་ཁྲོན་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་དང་མཉམ་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་གྲོས་སྡུར་བྱས། ལིས་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུར་ཡོངས་སུ་འཐད་པ་ཡིན་ཞེས་བཤད། ལིས་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལ་བརྗོད་དོན་གསལ་བ་དང་བརྗིད་ཉམས་ཆེ་བ། བརྩོན་སེམས་བསྐྱེད་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྟོང་འབར་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན། སྙན་ཞུས་འདས་པའི་ལོ་ལྔའི་རིང་གི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་ཕྱིར་ལྟ་བྱས་ཡོད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་ཐད་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ལ་སྤྱི་སྡོམ་བྱས་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཀྲུང་གོ་གུང་ཁྲན་ཏང་མིའི་ལས་འགན་བཏོན་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་སྐུལ་སློང་གི་བཀའ་རྒྱ་བཏང་ཡོད་ཅེས་བསྟན།
ལིས་ཀྲན་ཧྲུའུ་ཡིས་འདས་ཟིན་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས་ཏེ་ལོ་རྒྱུས་དེབ་ཐེར་དུ་གསལ་ལེར་བཀོད་ཡོད། གྲུབ་འབྲས་དེ་དག་གཞུང་ལུགས་ཀྱི་ངོས་ནས་བཤད་ན། ཐོག་མའི་རང་བཞིན་དང་མཁྲེགས་གཏོར་རང་བཞིན། གསར་གཏོད་རང་བཞིན་བཅས་ལྡན་པ་དང་། ལམ་ལུགས་ཀྱི་ངོས་ནས་བཤད་ན་གསར་གཏོད་རང་བཞིན་དང་བརྒྱུད་རིམ་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ལྡན་ལ། ལག་ལེན་གྱི་ངོས་ནས་བཤད་ན་རྩ་བའི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན། ཕུགས་ཡུན་རང་བཞིན་བཅས་ལྡན་ཞིང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ངོས་ནས་བཤད་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། གྲུབ་འབྲས་དེ་དག་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་དངོས་པོའི་རྨང་གཞི་སྔར་ལས་བརྟན་པོ་དང་ལམ་ལུགས་ཀྱི་འགན་ལེན་སྔར་ལས་འཐུས་ཚང་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་དུས་རབས་གསར་པའི་ཀྲུང་གོ་རུ་ཞིབ་བཤེར་གང་ལེགས་ཐོབ་པ། སྤྱི་ཚོགས་རིང་ལུགས་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་ལམ་ལུགས་ཀྱི་འགྲན་རྩོད་ནུས་པ་གང་ལེགས་ཀྱིས་མངོན་པ་བཅས་བྱས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ད་ལྟ་ལོ་རྒྱུས་སྟེང་གི་དུས་སྐབས་གང་ཞིག་ལས་ཀྱང་ང་ཚོ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་ལས་ཇེ་ཉེར་སོང་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྔར་ལས་ཡིད་ཆེས་དང་ནུས་པ་ཆེན་པོ་ལྡན་ཞེས་བཤད།
ལིས་ཀྲན་ཧྲུའུ་ཡིས“གཏན་ཕབ་གཉིས”ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི། ཏང་འཛུགས་སྐྲུན་ཐད་ཀྱི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ་རབ་དང་རིམ་པ་མངོན་འགྱུར་བྱུང་བ་དང་། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དེ་དག་ཚང་མ་རྩ་བའི་ཆ་ནས་བཤད་ན། བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གནས་བབ་གཏན་འཁེལ་བྱས་པ་ལས་བྱུང་བ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་ཆེན་སྤེལ་བ་དང་། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་སྟེང་སྐྱོད་པར་སྐུལ་འདེད་བཏང་བ། དེ་ལྟ་བུའི་རླབས་ཆེན་གྱི་འཐབ་རྩོད་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་གལ་ཆེན་དེའི་གནད་འགག་གི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲུ་གཟིངས་ལ་ཁ་ཕྱོགས་སྟོན་པ་དང་ཁ་ལོ་བསྒྱུར་བའི་ནུས་པ་ཆེན་པོ་བཏོན་དང་འདོན་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བློ་མཐུན་ཞི་ཅིན་ཕིང་སྐུ་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསྐྲུན་པ་དང་། དེ་ནི་ཚན་རིག་གི་རིགས་པའི་གཞུང་ལུགས་དེ་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དང་ལེན་བྱས་པ་དང་ཁོང་དུ་ཆུད་པར་བྱས་པ། བེད་སྤྱོད་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་ནུས་ལྡན་བྱས་པས། ཚན་རིག་སྤྱི་ཚོགས་རིང་ལུགས་འདི་ཉིད་ཀྲུང་གོ་རུ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད་ཅེས་བཤད།
ལིས་ཀྲན་ཧྲུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དུས་ཡུན་རིང་པོའི་ནང་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ངོས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཀོད་པའི་འཆར་འགོད་ཆེན་པོ་དེ་དོན་སྨིན་ཡོང་བར་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་ལེའུ་ཞིག་འབྲི་དགོས་ཞེས་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།