དམངས་སྲོལ་རིག་གནས་ཀྱི་དབྱངས་རྟ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 45

---ཞིན་ཧེ་རྫོང་ཞང་ཡ་རེ་ལོ་དམངས་ཁྲོད་རིག་རྩལ་མཐུན་ཚོགསཀྱིས་དམངས་སྲོལ་རིག་གནས་འཕེལ་རྒྱས་གཏོང་བའི་སྐོར་གྱི་གནས་ཚུལ་བཀོད་པ།

ཉན་མཁན་རྣམ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་བསྟར་གསར་འགྱུར། དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ་ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ་བཅས་ཀྱིས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཁ་ཡིག་ལ་དམངས་སྲོལ་རིག་གནས་ཀྱི་དབྱངས་རྟ་ཞེས་པ་སྟེ། ཞིན་ཧེ་རྫོང་“ ཞང་ཡ་རེ་ལོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས”ཀྱིས་དམངས་སྲོལ་རིག་གནས་འཕེལ་རྒྱས་གཏོང་བའི་སྐོར་གྱི་གནས་ཚུལ་བཀོད་སྒྲིག་བྱས་ཡོད་པས། ཁྱེད་ཚོས་ཞིབ་ཏུ་ཉན་རོགས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་ནང་“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས”ཞེས་བསྟན་ཡོད་པ་དང་། ཞིན་ཧེ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས་ས་གནས་ཀྱི་དམངས་སྲོལ་རིག་གནས་འཕེལ་རྒྱས་ལ་རང་གི་ནུས་ཤུགས་གང་ཡོད་འདོན་བཞིན་འདུག

ཆར་བ་སམ་སིམ་འབབ་པའི་ཞོགས་པ་ཞིག་ལ། ང་ཚོ་གསར་འགོད་པ་ཞིན་ཧེ་རྫོང་དུ་ཡོད་པའི“ཞང་ཡ་རེ་ལོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས”སུ་བཅར་འདྲིར་བསྐྱོད། རྒྱུས་ལོན་བྱུང་བ་ལྟར་ན།  ཚོགས་པ་དེ་ནི་འབུམ་ཐར་རྒྱལ་གྱིས2011ལོར་རྩ་འཛུགས་བྱས་ནས་བཙུགས་པ་དང་། དང་ཐོག་མིང་ལ“ཞང་ཡ་རེ་ལོ་དམངས་ཁྲོད་གླུ་ཤགས་ཚོགས་པ”ཟེར་ཞིང་། 2018ལོར་ཞིན་ཧེ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྒྱ་ཇེ་ཆེར་བཏང་ནས“ཞང་ཡ་རེ་ལོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས”ཞེས་པའི་མིང་བཏགས་ཤིང་། དེ་ནི་དམངས་ཁྲོད་ཀྱི་རིག་རྩལ་ཚོགས་པ་ཞིག་རེད། ཚོགས་པ་དེ་ད་ལྟའི་བར་དུ་བོད་ཁུལ་གྱི་དམངས་གླུ་འགྲན་བསྡུར་བཞི་བཅུ་ལྷག་ལ་ཞུགས་ནས་བྱ་དགའ་ལྔ་བཅུ་ལྷག་བླངས་ཡོད་པ་དང་། ཚོགས་པའི་ནང་དུ་གླུ་བ་ལྔ་བཅུ་ལྷག་ཡོད་པ་ཚང་མ་རང་མོས་ལྟར་ཚོགས་པ་དེའི་ནང་ཞུགས་པ་ཡིན་ལ། ཚོགས་མི་མང་ཆེ་ཤོས་ཀྱིས་ཁྱིམ་ཚང་ལ་ལྟ་སྐྱོང་བྱེད་ཞོར་དུ་འཁྲབ་སྟོན་ལ་ཞུགས་བཞིན་ཡོད་པ་དང་། འཁྲབ་སྟོན་གང་ཞིག་ལ་ཞུགས་དགོས་རུང་ཁོ་ཚོས་དུས་ལྟར་རོང་འབྲོག་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ལ་རིག་རྩལ་གྱི་ལེ་ཚན་གྱ་ནོམ་པ་རེ་འབུལ་བཞིན་ཡོད་པས། ཞིན་ཧེ་རྫོང་ན་ཅུང་སྐད་གྲགས་ཡོད་པར་གྱུར། ཁོ་ཚོའི་ཚོགས་པ་ཉིན་རེ་ལས་ཉིན་རེར་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ཚོགས་གཙོ་འབུམ་ཐར་རྒྱལ་གཙོ་བྱས་པའི་ཚོགས་པའི་ཚོགས་མི་རྣམས་ཞིན་ཧེ་རྫོང་གི་སློབ་གྲྭ་སོ་སོར་སོང་ནས་སློབ་ཁྲིད་བྱས་ཏེ། ས་གནས་ཀྱི་དམངས་སྲོལ་རིག་གནས་འཕེལ་རྒྱས་ཐད་ལ་རང་གི་ནུས་པས་ཞབས་ཞུ་གང་ལེགས་སྒྲུབ་བཞིན་འདུག

ཚོགས་གཙོ་འབུམ་ཐར་རྒྱལ་གྱིས་རང་གི་དྲན་ཚུལ་ཞིག་ལྷུག་པོར་བརྗོད་བྱུང་། 

རྫོང་རིག་གནས་ཐིན་གྱིས་བཀོད་སྒྲིག་ལྟར། ང་ཚོ་ས་ཆ་སོ་སོར་འཁྲབ་སྟོན་ལ་སོང་ན་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་དང་། དེ་ཡིན་ན་མ་འོངས་པར་ཡང་རྒྱུན་འཛིན་པ་ཞིག་དགོས་པར་འདོད་དེ། ཞིན་ཧེ་རྫོང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་སོང་ནས་བྱིས་པ་ཚོར་གླུ་དང་། རྡུང་ལེན། བཤད་པ་མང་པོ་ཞིག་ཁྲིད་པ་ཡིན། ད་བར་ཡིན་རྒྱུ་ནའང་བྱིས་པ་ཚོས་རང་རྐྱ་ཐུབ་པའི་སྒོ་ནས་སྟོན་མོ་སོགས་ཀྱི་སྟེང་ལེན་ཤེས་པ་རེད། དེ་ལྟ་བུར་མཚོན་རྒྱུ་ནའང་ཉམས་དགའ་བའི་དོན་དག་ཅིག་རེད།

ཞང་ཡ་རེ་ལོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཚོགས་མི་ལྕགས་ཐར་འབུམ་ལ་མཚོན་ན་མང་ཚོགས་དཀྱུས་མ་ཞིག་ཡིན་ཞིང་། ཁོས་རང་གི་ཁོམ་སྐབས་དང་བསྟུན་ནས་མི་རབས་མང་པོར་ངག་ནས་ངག་བརྒྱུད་པའི་བོད་ཀྱི་དམངས་སྲོལ་རིག་གནསསློབ་མའི་རྒྱུད་ལ་འཇོག་གང་ཐུབ་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། 

ཆུང་དུས་ནས་རང་ཉིད་གླུ་ལེན་རྒྱུར་ཤིན་ཏུ་དགའ་བ་དང་། 2018ལོའི་ཟླ་དང་པོའི་ནང་། ཞང་ཡ་རེ་ལོ་དམངས་ཁྲོད་གླུ་ཤགས་ཚོགས་པའི་ནང་ཞུགས།  དེ་ནས་ཚོགས་གཙོ་འབུམ་ཁོ་ཡི་རྒྱབ་སྐྱོར་དང་། ཚོགས་པའི་བཀོད་སྒྲིག ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་པོ། མི་རིགས་སློབ་འབྲིང་གཉིས་པ། ཞིན་ཧེ་རྫོང་བྱིས་སྐྱོང་ཁང་སོགས་སུ་སོང་ནས་བྱིས་པ་ཚོར་བོད་ཀྱི་རི་གླུ་དང་། དམངས་གླུ སྲིད་པ་ཁྲིད་པ་དང་། དང་ཐོག་བྱིས་པ་ཚོར་ཁྲིད་སྐབས་ཧ་གོ་བཞིན་མེད་པ་དང་། ལེན་ཡང་འདོད་ཀི་མེད་ལ། འཁོར་སྟངས་ཡང་ཤེས་ཀྱིན་མེད་པ་རེད། ད་ལྟ་ཡིན་ན་ཧ་ཅུང་ཙམ་གོ་ཡོད་པ་དང་། བྱིས་པ་ཚོས་བླངས་ནའང་འདོད་ཀོ་ནས། ལེན་སྟངས་ར་ཤེས་ནས། འཁོར་སྟངས་ར་ཤེས་ནས། གང་ས་གང་གི་ཐད་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོད་ནས་དེ་འདྲ་ཞིག་རེད།

ང་ཚོ་གསར་འགོད་པ་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ལོ་རིམ་བདུན་པའི་འཛིན་གྲྭ་བཅུ་གཉིས་པའི་ནང་ཐོན་པ་ན། སློབ་གྲོགས་ཨོ་རྒྱན་ཉི་མས་ཏག་ཏག་དམངས་གླུ་སྙན་མོ་ཞིག་གིས་ལྟ་བ་བྱེད་བཞིན་ཡོད་པ་དང་། མཚམས་མཚམས་སུ་སློབ་གྲོགས་རྣམས་ཀྱིས་དགའ་སྤྲོའི་ཐེབ་མོ་ཡང་ཡང་རྡེབ་བཞིན་འདུག དམངས་གླུ་བླངས་ཚར་རྗེས། ཁོས་ང་ཚོར་འདི་ལྟར་བཤད་བྱུང་། 

ང་ཆུང་དུས་ནས་གླུ་ལེན་རྒྱུར་ཤིན་ཏུ་དགའ། ད་ལྟ་སློབ་གྲྭ་འདིའི་ནང་གི་དམངས་སྲོལ་འཛིན་གྲྭ་ནང་ཞུགས་ཏེ་གླུ་མང་པོ་སྦྱངས་བ་དང་། ད་ལྟའི་བར་དུ་དམངས་གླུ་བཅུ་ལེན་ཤེས།

སློབ་གྲྭ་ནི་དམངས་སྲོལ་རིག་གནས་དར་སྤེལ་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། བྱིས་པར་ཆུང་དུས་ནས་སྲོལ་རྒྱུན་རིག་གནས་ལ་དགའ་བའི་བསམ་བློ་སྐྱེད་སྲིང་བྱས་ནས་བྱིས་པའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་ནི་དགེ་རྒན་རྣམས་ཀྱི་ལྡོག་མེད་འགན་འཁྲི་ཞིག་རེད། ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཚེ་ལྷ་སྐྱབས་ཀྱིས་ཀྱང་སློབ་མ་རྣམས་ལ་དམངས་སྲོལ་རིག་གནས་སློབ་ཁྲིད་བྱེད་པའི་འགན་ཁུར་ཕྲག་ཏུ་བླངས་འདུག  ཁོས་བཤད་རྒྱུར།  

ད་ཁྲིད་བྱའི་སྟེང་ཡིན་ནའང་བཤད་པ་དང་། གཏམ་དཔེ།  དམངས་གླུ གླུ་ཤགས། སྒྲུང་སོགས་སློབ་མའི་བློ་ཁ་དང་འཚམ་པར་ཁྲིད་བཞིན་ཡོད། གཟའ་འཁོར་གཅིག་ལ་སློབ་ཐུན་གཅིག་ཡོད་པ་དང་། སློབ་ཐུན་གཅིག་གི་ནང་ཆ་ཚང་ཁྲིད་རྒྱུ་དཀའ་བ་དང་། སློབ་ཐུན་གཅིག་གི་ནང་དམངས་གླུ་ཁྲིད་ན། སློབ་ཐུན་རྗེས་མ་ནང་གཏམ་དཔེ་སོགས་ཁྲིད་དེ་རིམ་པ་བཞིན་འགྲོ་བ་དེ་འདྲ་ཞིག་རེད། དེའི་ཕན་ཆད་ནས་སློབ་གྲོགས་ཚོའི་ཕོ་མོའི་དབྱེ་བའི་སྟེང་ནས་ཀྱང་འདང་རྒྱག་ས་ཅུང་ཙམ་ཡོད་པ་རེད། སློབ་གྲོགས་ཕོ་རྣམས་གཏམ་དཔེ་དང་། བཤད་པ་སོགས་ཀྱི་སྐོར་ཁྲིད་ཆོག་པ་དང་། སློབ་གྲོགས་བུ་མོ་རྣམས་ལ་བུ་རས་ལ་སོགས་པའི་བཤད་པ་ཁྲིད་པའི་རིགས་འདི་གསལ་བོར་བཀར་ཏེ་ཁྲིད་ན། སློབ་མ་ཚོའི་བློ་ཁ་དང་འཚམ་པ་དང་། སྦྱངས་ན་གྲུབ་འབྲས་ཡང་ལོན་ནས་དེ་འདྲ་ཞིག་རེད།  སློབ་མ་འདི་ལྟར་བསྐྱངས་བའི་གོ་རིམ་གྱི་ཁྲོད་དུ་སློབ་གྲོགས་སྐོར་ཞིག་གིས་རྟགས་སྟོན་མོ་སོགས་ཀྱི་སྟེང་དུ་རང་རྐྱ་ཐུབ་པའི་སྒོ་ནས་དམངས་གླུ་ལེན་པ་དང་། གཏམ་བཤད་པ། བུ་རས་བཤད་པ་སོགས་ཀྱི་སྟེང་དུ་མངོན་གསལ་གྱི་འབྲས་བུ་ཞིག་བླངས་ཡོད་པ་དང་། འདི་ཡང་དམངས་སྲོལ་རིག་གནས་དགའ་མོས་འཛིན་གྲྭ་འདིའི་ཁྱད་ཆོས་ཞིག་ཡིན་པར་བསམ་བཞིན་ཡོད།

ལོ་ན་བཅུ་གསུམ་ལ་སོན་པའི་མཁའ་མོ་རྒྱལ་ཡང་དམངས་སྲོལ་རིག་གནས་ཀྱི་ཕྱོགས་ལ་ཤིན་ཏུ་དགའ་བའི་བུ་མོ་ཆུང་ཆུང་ཞིག་ཡིན་པ་དང་། མོས་གསར་འགོད་པ་དང་མཉམ་དུ་ཁ་བརྡ་ཐུང་ཐུང་ཞིག་བྱས་བྱུང་།

གསར་འགོད་པ། ཁྱོད་ལོ་རིམ་དུ་བ་ཡིན།

མཁར་མོ་རྒྱལ། ང་སློབ་ཆུང་ལོ་རིམ་བཞི་བ་ཡིན།

གསར་འགོད་པ། ཁྱེད་རང་གླུ་ལེན་རྒྱུར་ཤིན་ཏུ་དགའ་གི་ཟེར་ག

མཁར་མོ་རྒྱལ། དགའ་གི

གསར་འགོད་པ། ཁྱེད་ཀྱིས་གླུ་ཅི་ཙམ་ལེན་ཤེས།

མཁར་མོ་རྒྱལ། ངས་སྲིད་པ་ཉི་ཤུ་དང་། གླུ་ཤགས་བཅུ་དགུ དམངས་གླུ་བཅོ་བརྒྱད་ལེན་ཤེས།

གསར་འགོད་པ། དེ་ཚང་མ་གང་ནས་སྦྱངས་པ་ཡིན།

མཁར་མོ་རྒྱལ། ལ་ལ་ཨ་ཕའི་ས་ནས་བསླབ་པ་ཡིན། ལ་ལ་དགེ་རྒན་གྱིས་ས་ནས་བསླབ་པ་ཡིན།

གསར་འགོད་པ། ཁྱེད་རང་སློབ་གྲྭའི་དགོང་ཚོགས་དང་འཁྲབ་སྟོན་ལ་ཞུགས་མྱོང་ངམ།

མཁར་མོ་རྒྱལ། ཞུགས་གི་ཡོད།

གསར་འགོད་པ། ངས་གོ་ཐོས་ཡིན་ན། ཁྱེད་ཀྱིས་དགའ་རྟགས་མང་པོ་བླངས་ཡོད་ཀི་ཟེར་ག

མཁར་མོ་རྒྱལ། ཡོད། ང་སློབ་གྲྭའི་འགྲན་སྡུར་སོགས་ཀྱི་སྟེང་ཞུགས་ནས་ཨང་དང་པོ་གཉིས་པ་དང་། ཨང་གཉིས་པ་གཅིག ཨང་གསུམ་པ་གཅིག་བཅས་ཀྱི་བྱ་དགའ་བླངས་ཡོད།

ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་གཡང་འབུམ་ཚེ་རིང་གིས་སློབ་མས་དམངས་སྲོལ་རིག་གནས་ལ་སློབ་སྦྱོང་བྱེད་པའི་དགེ་མཚན་སྐོར་ནས་འདི་ལྟར་བཤད་བྱུང་།

ང་ཚོ་སློབ་གྲྭས་ཉེ་བའི་ལོ་འདི་དག་གི་རིང་ལ་སློབ་མའི་དགའ་ཕྱོགས་སྐྱེད་བསྲིང་དང་སློབ་མའི་འཇོན་ནུས་སྔོག་འདོན་བྱེད་པར་དམིགས་ནས་རང་མོས་དགའ་ཕྱོགས་ཀྱི་འཛིན་གྲྭ་ཞིག་སྒྲུབ་བཞིན་ཡོད།  འདིའི་སྟེང་ནས་འཛིན་གྲྭ་ཁྱད་པར་བ་ཞིག་ཡོད་ནོ་སློབ་མའི་དམངས་སྲོལ་རིག་གནས་འཛིན་སྐྱོང་དང་དེའི་ཆ་ལ་སློབ་སྦྱོང་བྱེད་པའི་འཛིན་གྲྭ་ཞིག་ཡིན་པ་རེད། འདི་ལྟ་བུར་མཚོན་ན་གྲོང་དང་གྲོང་རྡལ་གྱིས་སློབ་མ་མང་པོ་ཞིག་འདིར་གཅིག་བསྡུས་བྱས་དང་ན་དམངས་ཁྲོད་རིག་གནས་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་དང་ཁོར་ཡུག་མེད་པའི་སྣང་ཚུལ་དང་གནད་དོན་ལ་ཐུག་གི་ཡོད་ཀི། ད་སྐབས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ། རིག་གནས་རང་རྟོན་གྱི་བསམ་པ་འདི་སློབ་མའི་རྒྱུད་ལ་སྐྱེད་བསྲིང་བྱེད་རྒྱུའང་སློབ་གསོའི་བརྗོད་གཞི་གལ་ཆེན་ཞིག་ཡིན་པར་དམིགས་ནས་ང་ཚོས་དམངས་སྲོལ་སྐོར་ཁྲིད་པའི་སྐབས་སུ་གཙོ་བོ་རང་མོས་དགའ་ཕྱོགས་ཀྱི་འཛིན་གྲྭ་འདི་སྐྱེད་བསྲིང་བྱེད་བཞིན་ཡོད། འདི་སྐྱེད་བསྲིད་བྱེད་པའི་སྐབས་སུ། ཞང་ཡ་རེ་ལོ་དམངས་ཁྲོད་རིག་རྩལ་ཚོགས་པ་དང་། སློབ་གྲྭའི་ནང་གི་དམངས་སྲོལ་རིག་གནས་ཀྱི་དགེ་རྒན་མངགས་ཏེ་སློབ་མ་རེར་གཟའ་འཁོར་གཅིག་ལ་སློབ་ཐུན་གཅིག་བཀོད་སྒྲིག་བྱས་ཏེ། ཆེད་དུ་དམངས་སྲོལ་སྐོར་གྱི་གླུ་ལེན་པ་དང་། བཤད་པ་བཤད་པ། གེ་སར་སྒྲུང་བཤད་པ་ལྟ་བུའི་སློབ་མའི་འཇོན་ནུས་སྔོག་འདོན་ལ་ཤུགས་རྒྱག་བཞིན་ཡོད་པ་མ་ཟད། ཟླ་རེ་རེའི་ཟླ་མཇུག་ལ་རིག་རྩལ་འཁྲབ་སྟོན་རེ་གྲ་སྒྲིག་བྱས་ཏེ། སློབ་མར་རང་ནུས་སྔོག་འདོན་དང་རང་ནུས་འདོན་སྤེལ་གྱི་གར་སྟེགས་ཤིག་སྐྲུན་ནས་དམངས་སྲོལ་རིག་གནས་ལ་འབྲེལ་འདྲིས་དང་དམངས་སྲོག་རིག་གནས་སློབ་སྦྱོང་གི་གོ་སྐབས་ཤིག་ནམ་ཡང་དམ་འཛིན་བྱེད་བཞིན་ཡོད།

“ཞང་ཡ་རེ་ལོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས”ཀྱིས་ཚོགས་པ་རང་གི་འབད་བརྩོན་ལ་བརྟེན་ནས་ས་གནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་དབྱངས་རྟ་རེ་རེ་ན་གཞོན་སློབ་མ་ཚོའི་སེམས་ཁོངས་སུ་སིམ་པར་བྱས་པས། ཁོ་ཚོ་ནི་མཐོ་སྒང་གི་གཞི་རུ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་གྱི་མེ་ཏོག་ཆུན་པོ་ཞིག་ཏུ་སེམས་སོ།

གོང་དུ་ཚང་མས་ཉན་པ་ནི་དམངས་སྲོལ་རིག་གནས་ཀྱི་དབྱངས་རྟ་ཞེས་པ་སྟེ། ཞིན་ཧེ་རྫོང་“ ཞང་ཡ་རེ་ལོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས”ཀྱིས་དམངས་སྲོལ་རིག་གནས་འཕེལ་རྒྱས་གཏོང་བའི་སྐོར་གྱི་གནས་ཚུལ་ཡིན།

གསར་འགོད་པ། ཨ་བརྟན་རྒྱལ། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།