ཀོས་ནན་རྫོང་གིས་སྡོང་འཛུགས་ནགས་སྐྲུན་བྱས་ནས་བྱེ་འགོག་ལྕགས་རི་བསྐྲུན།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

སྙན་སྒྲོན་པ།      ཉན་མཁན་རྣམ་པ།  མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པར་སྐྱེས་སུ་ཕུལ་བའི་བསྟུད་འགོད་ལེ་ཚན་མཚོ་སྔོན་གསར་པའི་གཟི་དཔལ་ཞེས་པའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ལེ་ཚན། ཁ་ཡིག་ལ་ཀོས་ནན་རྫོང་གིས་སྡོང་འཛུགས་ནགས་སྐྲུན་བྱས་ནས་བྱེ་འགོག་ལྕགས་རི་བསྐྲུན་ཞེས་པར་ཉན་རོགས།

སྙན་སྒྲོན་པ།   མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ་སོ་ལྔ་ལྷག་གི་ལམ་ཐག་བརྒྱུད་ན།  གླང་ཆེན་བྱེ་སྣའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་མཛེས་ལྗོངས་དེ་མིག་ལ་ག་ལེར་མངོན་ཡོང་ཞིང་། དེ་ནི་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་ཀོས་ནན་མི་དམངས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱེ་འགོག་བྱེ་བཅོས་བྱས་ནས་རང་ས་རང་ཡུལ་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་ཀྱི་དཔང་པོ་རེད། དུས་རབས་སྔོན་མར་ཡུལ་དེའི་མི་རྣམས་ཀྱིས་ཕྱུགས་ཟོག་ཚད་ལས་བརྒལ་བར་འཚོ་དྲགས་པ་དང་གཞི་ཁྱོན་ཆེན་པོས་ས་རྒོད་སློག་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་རྩྭ་ཐང་བྱེ་འགྱུར་གྱི་གནས་བབ་ཇེ་ཞན་དུ་འགྱུར་འགོ་བརྩམས།  དེ་ལས་ཀྱང་གླང་ཆེན་བྱེ་སྣ་ནི་མུ་གེ་ཐང་གི་བྱེ་མའི་བཞུར་རྒྱུན་ཤར་ཕྱོགས་སུ་མཆེད་ཡུལ་གཙོ་བོ་ཡིན་པའི་ཆ་ནས། བྱེ་སྐྱོན་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། བྱེ་མའི་བཞུར་རྒྱུན་གྱིས་ཁ་རྒྱ་དང་བན་ཤུལ་སོགས་སྡེ་བ་སྐོར་ཞིག་གི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོས་པར་མ་ཟད། ཚ་རྔ་འགག་ཆུ་མཛོད་ས་ཁུལ་གྱི་སྐྱེ་ཁམས་དང་གློག་ཤུགས་ཐོན་སྐྱེད་བདེ་འཇགས་ལའང་ཉེན་ཁ་ཚབས་ཆེན་བཟོས། ཛ་དྲག་ཆེ་བའི་འགྲན་སློང་དེའི་མདུན་དུ་ཏང་དང་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་འོག  ཀོས་ནན་རྫོང་གི་ཏང་སྲིད་དམག་གསུམ་དང་ས་གནས་མང་ཚོགས་དང་སློབ་མ་བཅས་ཀྱིས་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྦྲེལ་ནས། སྤྱི་ལོ1996ལོ་ནས་བཟུང་མྱ་ངམ་ཐང་དེ་རུ་བློ་བརྟན་འགྱུར་མེད་ཀྱིས་བྱེ་འགོག་བྱ་སྤྱོད་སྤེལ་འགོ་བརྩམས། ཁོ་ཚོས་སྡོང་འཛུགས་ནགས་སྐྲུན་སོགས་སྐྱེ་ཁམས་བཟོ་སྐྲུན་གྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད།  བྱེ་འགོག་བྱ་བར་ཕན་འབྲས་མངོན་གསལ་བླངས་ཡོད་པར་མ་ཟད། སྔོན་ཆད་ཀྱི་མྱ་ངམ་ཐང་དེ་ད་ལྟ་ནགས་ཀླུང་སྣོལ་མར་འཁྲིགས་པའི་གླིང་ག་ཉམས་དགའ་བ་ཞིག་ཏུ་གྱུར་ཡོད། དེའི་སྐོར་ནས་གླང་ཆེན་བྱེ་སྣའི་ནགས་སྲུང་ས་ཚིགས་ཀྱི་འགོ་གཙོ་རྡོ་རྗེ་རྒྱལ་གྱིས་བཤད་རྒྱུར།

དེ་ཡིན་ན་སྤྱི་ལོ1996ལོའི་སྔོན་ལ་བྱེ་མའི་རྒྱ་ཁྱོན་ཇེ་ཆེར་སོང་ནས་བྱེད་མས་རྩྭ་ས་མནན་ནས་རྩྭ་སའི་རྒྱ་ཁྱོན་ཇེ་ཆུང་ལ་སོང་བུད་སོང་ནི་རེད།  དེ་ནས་སྤྱི་ལོ1996ལོ་ནས་བཟུང་སྟེ་བྱེ་སྣ་ས་ཁུལ་འདིར་སྡོང་འཛུགས་ནགས་སྐྲུན་བྱས་ནས། ལོ་ཉེར་བདུན་ཉེར་བརྒྱད་ཀྱི་རིང་འདིར་བྱེ་སྣ་ས་ཆ་འདིར་འགྱུར་ལྡོག་ཇི་ལྟར་བྱུང་ཡོད་ཁུ་ཟེར་ན།   བྱེ་མའི་རྒྱ་ཁྱོན་ཇེ་ཆུང་དུ་སོང་བ་དང་རྩྭ་སའི་རྒྱ་ཁྱོན་ཇེ་ཆེར་སོང་ཡོད་པའི་གནས་ཚུལ་དེ་འདྲ་ཞིག་རེད།

སྙན་སྒྲོན་པ།   ད་ལྟ་གླང་ཆེན་བྱེ་སྣའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་དུ་ཐོན་དུས། ཁ་ཞེང་ཆེ་བའི་ནགས་ཚལ་སྟུག་པོ་དང་ལྷུང་ལྷུང་འབབ་པའི་ཆུ་རྒྱུན་དྭངས་མོ། ལྷོད་ཀྱིས་ཆགས་པའི་འབྲོག་སྡེ་ཆེན་པོ་བཅས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་དེས་ཡིད་དུ་འོང་ལ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་ངང་གིས་གྲུབ་འདུག་ཅིང་། དེ་ལྟ་བུའི་སྐྱེ་ཁམས་ཀྱི་མཛེས་པ་སླར་གསོ་བྱེད་པར་ཏང་དང་སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་མང་པོ་ཞིག་བཏང་ཡོད་པའང་སྨྲས་མ་དགོས་པ་ཞིག་རེད།  དེའི་སྐོར་ནས་ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་ལས་བྱེད་མི་སྣ་གསང་བདག་སྐྱབས་ཀྱིས་འདི་ལྟར་བཤད།

སྤྱི་ལོ1996ལོ་ནས་བཟུང་སྟེ། ཀོས་ནན་རྫོང་ཏང་ཨུ་དང་རྗོང་སྲིད་གཞུང་གིས་སྡོང་འཛུགས་ནགས་སྐྲུན་བྱ་བ་འདི་གཙིགས་སུ་བཟུང་ནས། སྡོང་འཛུགས་ནགས་སྐྲུན་བྱས་ནས་ད་ལྟའི་བར་དུ་ལོ་ཉེར་བརྒྱད་ཙམ་འགོར་ཡོད། འདིའི་རིང་ལ་སྲིད་གཞུང་གིས་མ་དངུལ་དུང་ཕྱུར་བཅུ་བདུན་ཙམ་བཏང་ནས། ད་ལྟ་ས་མུའུ་ཁྲི་བརྒྱ་དང་ཉི་ཤུ་ཙམ་ལ་སྡོང་འཛུགས་ནགས་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་ཡོད།

སྙན་སྒྲོན་པ།  ད་ལྟ་ཀོས་ནན་རྫོང་གིས་སྐྱེ་ཁམས་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད།  ས་གནས་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་པས་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་འདུ་ཤེས་སྔར་ལས་མཐོར་འདེགས་བྱུང་ཡོད། ལྷག་པར་དུ་གླང་ཆེན་བྱེ་སྣའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་གི་ལས་བཟོ་བ་རྣམས་ཀྱིས་རང་གི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་གནས་དེའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད། དེའི་སྐོར་ནས་ལས་བཟོ་བ་ཀུན་ཐར་རྒྱལ་གྱིས་བཤད་རྒྱུར།

ང་ཡིན་ན་བྱེ་ཐང་སྤྱི་གླིང་འདིའི་ལས་བཟོ་བ་ཞིག་ཡིན། ལས་བཟོ་བའི་གྲས་སུ་ཞུགས་ནས་ད་ལྟའི་བར་ཕལ་ཆེར་ལོ་ལྔ་ཙམ་འགོར་སོང་།  དུས་རྒྱུན་གྱི་བྱ་བ་གཙོ་བོ་ཡིན་ན་ས་གནས་འདིའི་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་བྱ་བར་ཤུགས་རྒྱག་བཞིན་ཡོད་ནི་རེད།   ང་ཚོར་ལས་བཟོ་བ་བརྒྱད་ཙམ་ཡོད།  དེ་ཚུན་ཆུང་གཉིས་སུ་བགོས་ནས་ཉིན་དཀར་ཡིན་ན་ནངས་མོའི་དུས་ཚོད་བརྒྱད་ནས་བཟུང་སྟེ་དགོང་མོའི་དུས་ཚོད་དྲུག་དང་ཕྱེད་ཀའི་བར་དུ་ལས་ཚོགས་ལ་ཞུགས་ནས་སྐོར་གཡེང་བྱེད་བཞིན་ཡོད་པ་དང་།  དགོང་མོ་ཡིན་ན་ཡང་ཚན་ཆུང་ཅིག་ཤོས་དེ་འཁོར་སྐྱོད་བྱས་ནས་ནགས་ཚལ་ལ་མེ་སྐྱོན་འབྱུང་བར་སྔོན་འགོག་བྱེད་བཞིན་ཡོད།  དབྱར་དུས་ཡིན་ན་སྡོང་རའི་ནང་དུ་ཟོག་ལུག་རྒྱག་གི་ཡོད་མེད་དང་སྡོང་འབུ་སོགས་ཀྱིས་སྡོང་བོར་གནོད་འཚེ་གཏོང་བཞིན་ཡོད་མེད་སོགས་ལ་ལྟ་རྟོག་བྱེད་བཞིན་ཡོད་པར་མ་ཟད།  ས་གནས་འདིའི་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ནས་གད་སྙིགས་སོགས་བདག་བྱེད་པར་ཡང་ལྟ་རྟོག་བྱེད་བཞིན་ཡོད།

སྙན་སྒྲོན་པ།  ཀོས་ནན་རྫོང་གླང་ཆེན་བྱེ་སྣའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་གི་བྱེ་འགོག་བྱེ་བཅོས་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ་པ་དེས་ས་གནས་མང་ཚོགས་ལ་ཕན་པ་དངོས་ཐོབ་པར་མ་ཟད། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་བྱེ་འགོག་བྱེ་བཅོས་བྱ་བར་ཡང་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད། དེ་བས་ཀོས་ནན་རྫོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་བྱེ་འགོག་སྔོན་ཐོན་སྡེ་ཁག་དང་། རྒྱལ་ཡོངས་ཀྱི་བྱང་གསུམ་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་།  ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་སྔོན་ཐོན་སྡེ་ཁག་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ནས་བྱེ་འགོག་བྱེ་བཅོས་བྱ་བའི་དཔེ་སྟོན་རྫོང་དུ་གྱུར་ཡོད་པ་རེད།

སྙན་སྒྲོན་པ། ཉན་མཁན་རྣམ་པ།    གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ལེ་ཚན།  ཁ་ཡིག་ལ་ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱིས་དམངས་ཀྱི་བསམ་པའི་རིག་གནས་དགོས་མཁོ་བསྐངས་ཞེས་པ་དེ་ཡིན།  ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ།  གཡང་འབུམ་རྒྱལ། 

ཤ་བོ་གསེར་མཚོ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།  

གཡང་འབུམ་རྒྱལ། 

ལྟ་སྐུལ་པ། ཕྱུག་ལོ།  

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།