ངའི་ཕུ་བོ་ནི་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་ཡིན།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 42

ཚེ་རིང་རྣམ་རྒྱལ། རྩེ་ཁོག

     བདེ་འཇགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་དང་འཆམ་མཐུན་གྱི་འཚོ་བ་འཕེལ་རྒྱས་་སུ་འགྲོ་རྒྱུ་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁ་ཕྱོགས་ཡིན་ཞིང་། འགྲིམ་འགྲུལ་བདེ་འཇགས་ཀྱི་གནད་དོན་མེད་པར་གཏོང་བ་ནི་བདེ་འཇགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་གྱི་འཚོ་བ་འཛུགས་སྐྲུན་བྱེད་པའི་རྨང་གཞི་གལ་ཆེན་ཡིན། དེ་བསང་ཚོའི་འཚོ་བ་དང་བདེ་འཇགས་ཀྱི་ཆེད་དུ་ནམ་རྒྱུན་བརྩོན་པའི་ངལ་བ་དང་དུ་ལེན་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་པ་དག་ནི་ང་ཚོའི་ནང་སེམས་ཀྱི་དཔའ་བོ་ཡིན་ལ། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དང་ཁྲིམས་ལུགས་ལ་སློབ་སྦྱོང་བྱེད་པ་ནི་ང་ཚོ་མི་རེ་རེའི་ཕྲག་ཏུ་བབས་པའི་འོས་འགན་ཡིན་འོས། 

     འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་པ་ནི་ང་ཚོ་མི་རེ་རེ་དང་ཁྱིམ་ཚང་རེ་རེའི་བདེ་སྐྱིད་ཀྱི་འཚོ་བ་དང་འབྲེལ་ཞིང་། ནམ་རྒྱུན་ང་ཚོའི་བདེ་འཇགས་ཀྱི་ཆེད་དུ་དཀའ་ཁག་ལ་མི་འཛེམ་པའི་འགྲིམ་འགྲུལ་ཉེན་རྟོག་པ་དག་ནི་བདག་གི་ཆེས་ཕུལ་ཏུ་བྱུང་བའི་འཐབ་གྲོགས་ཡིན།  ལྷག་པར་དུ་བདག་གི་ཕུ་བོ་ནི་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་ཡིན་པས། འགྲིམ་འགྲུལ་ཉེན་རྟོག་པ་ཞིག་གི་དཀའ་ཁག་དང་ཉེན་ཁ་རེ་རེ་ནི་བདག་གིས་གསལ་བོར་མཐོང་ཡོད་ལ། དགུན་གསུམ་ཁ་བ་བུ་ཡུག་གི་ཁྲོད་དུ་བཞི་མདོ་ན་འགྲིམ་འགྲུལ་བཀོད་འདོམས་བྱེད་བཞིན་ཡོད་པའི་ངང་ཚུལ་དང་། དབྱར་གསུམ་ཆར་དང་ཚ་གདུག་གི་ཁྲོད་དུ་ལམ་མདོ་ན་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པའི་རྣམ་པ་ནི་ངའི་མིག་ལམ་ནས་ཡལ་ཐབས་བྲལ།

       ལོ་གཉིས་ཀྱི་ཡར་སྔོན་ཞིག་ལ། ང་ཚོའི་རྫོང་གི་དགའ་སྟོན་གྱི་སྐབས་སུ་ལས་ཁུངས་ཀྱིས་ངའི་ཕུ་བོ་ལམ་གྱི་བཞི་མདོ་ཞིག་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་བའི་ལས་འགན་བཀོད་སྒྲིག་བྱས་འདུག མཚན་མོར་ཁོས་འགོག་སྲུང་བྱེད་བཞིན་པའི་སྐབས་སུ་འཕྲུལ་རྟ་ཞིག་གིས་བསྒགས་ཟྭ་གནོན་མ་ཐུབ་པར་རྒྱུག་འོང་ནས་ཁོ་ལ་བརྒྱབ་ཅིང་། རྐང་ཚིགས་ལ་རྨས་སྐྱོན་ཕོག་པས་སྨན་ཁང་དུ་ཁྱེར་ནས་བརྟག་དཔྱད་བྱས་ཏེ་གཟའ་འཁོར་འགའ་ལ་སྨན་ཁང་དུ་ཞག་སྡོད་བྱེད་དགོས་བྱུང་།  

     ཡང་ཐེངས་ཤིག་ལ་རྟ་རྒྱུག་ཅིག་གི་སྐབས་སུལས་ཁུངས་ཀྱིས་ང་དང་ཕུ་བོ་གཉིས་མཉམ་གཅིག་ཏུ་ལམ་མདོ་ཞིག་ནས་རླངས་འཁོར་ལ་བཀག་འགོག་དང་མང་ཚོགས་ཀྱི་བདེ་འཇགས་སྲུང་བའི་ལས་འགན་བཀོད་སྒྲིག་བྱས་པརངའི་སེམས་སུ་རང་ཉིད་ཀྱང་ཉེན་རྟོག་པ་ཞིག་ཡིན་པས་ལས་འགན་འདི་ཧ་ཅང་སླ་བོ་རེད་བསམ་མོད། བློ་ཡིད་ལས་འདས་པ་ཞིག་ལ་ངས་མང་ཚོགས་བདེ་འཇགས་ངང་བསྐྱོད་པར་བཀོད་སྒྲིག་བྱེད་ཐུབ་པ་ལས། ལམ་མདོ་ན་སྒྲིག་འགལ་གྱིས་བཞག་ཡོད་པའི་རླངས་འཁོར་དང་འཚང་་རྒྱག་བཞིན་པའི་རླངས་འཁོར་དག་ལ་བཀོད་འདོམས་བྱ་ཐབས་བྲལ་པས། ཕུ་བོས་རླངས་འཁོར་དག་གོ་རིམ་དང་སྒྲིག་ལམ་ཡོད་པའི་ངང་འགྲོ་རུ་བཅུག་པར་ང་རང་ཁོའི་བྱང་ཆ་ལྡན་པའི་བྱ་བའི་ཉམས་མྱོང་དང་ཐབས་ལམ་ལ་ཡ་མཚན་པར་གྱུར། 

     ལྷག་པར་ཕུ་བོས་དགུན་ཁར་བཞི་མདོ་ནས་འགྲིམ་འགྲུལ་བཀོད་འདོམས་བྱས་པའི་དབང་གིས་རྐང་ཚིགས་ན་ནས་སྨན་ཁང་དུ་ཐེངས་དུ་མར་ཞག་སྡོད་བྱས། ད་དུང་། བྱ་བ་བྲེལ་བ་ཆེ་བའི་དབང་གིས་ཁྱིམ་ལས་དང་བྱིས་པ་གཉིས་ཀ་སློབ་གྲྭར་སྐྱེལ་བའི་འགན་ཡང་སྲུ་མོ་གཅིག་པུའི་མགོར་ལྷུང་ཡོད། ཕ་མ་གཉིས་ཀ་ལོ་ན་མཐོ་བས་སྨན་ཁང་དུ་འགྲོ་དགོས་ནའང་ཁོ་ལ་ཁོམ་སྐབས་ཤིག་མེད་པར་མ་ཟད། དེ་ལས་ལྡོག་སྟེ་ཕ་མ་གཉིས་ཀས་ནམ་རྒྱུན་ཁོའི་བདེ་འཇགས་ལ་སེམས་ཁུར་བྱེད་ཀྱིན་ཡོད། ཁོས་འགྲིམ་འགྲུལ་ཉེན་རྟོག་པའི་བྱ་བ་ལས་ཏེ་ལོ་བཅུ་ཕྲག་བརྒལ་ནའང་ནམ་རྒྱུན་བྱ་བར་དཀའ་ཁག་ཆེ་ཚུལ་གླེང་མ་མྱོང་ལ། ལས་གནས་བརྗེ་སྙམ་པའི་བསམ་བློ་ཡང་ཏོག་ཙམ་སྐྱེས་མ་མྱོངས། ངས་ཁོའི་འགྲིམ་འགྲུལ་ཉེན་རྟོག་པའི་རླབས་ཆེན་གྱི་བྱ་བ་འདི་དང་ཁོའི་ཞུམ་པ་མེད་པའི་སྙིང་སྟོབས་འདི་ལ་བརྩི་བཀུར་དང་ཡིད་སྨོན་ཡང་བྱེད་བཞིན་ཡོད།       

     དེ་བསམི་དམངས་ཀྱི་བདེ་འཇགས་ཀྱི་ཆེད་དུ་འགྲིམ་འགྲུལ་གྱི་གཡུལ་ས་སྲུང་བའི་བདག་གི་ཕུ་བོ་དང་ཉེན་རྟོག་པའི་འཐབ་གྲོགས་འདི་དག་ནི་བདག་གི་མིག་དཔེ་བལྟ་ས་ཡིན་ལ། ཁོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདེ་འཇགས་བརྟན་ལྷིང་གི་ལས་ཀ་ནི་ཁྱིམ་ཚང་ཁྲི་སྟོང་དང་འབྲེལ་ཡོད་པས་ཉིན་བརྒྱ་ལ་དམ་ཟབ་བྱེད་པ་ལས་ཉིན་གཅིག་ལ་ལྷོད་གཡེང་གཏོང་མི་རུང”ཞེས་པའི་གསུང་བཤད་དེ་དོན་དངོས་ཀྱིས་ལག་ལེན་གནང་གིན་འདུག དེ་བས་བདག་གིས་རྒྱལ་ཡོངས་ཀྱི་འགྲིམ་འགྲིལ་ཉེན་རྟོག་པ་དག་གི་སྐུ་གཟུགས་བདེ་ཐང་ཡོང་འི་སྨོན་འདུན་ཞུ་བཞིན་ཡོད་ལ། ཁོ་ཚོའི་རླབས་ཆེན་བྱ་བ་འདི་ལ་ཡི་རངས་དང་བསྟོད་བསྔགས་ཀྱང་བྱེད་བཞིན་ཡོད་དོ།།

གྱེར་ཀློག་པ། གནམ་སྐྱབས་རྒྱལ། 

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།