གལ་ཏེ་ཆང་འཐུང་མེད་ཚེ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 21

                                        ཁ་བ་རི་བ།  (ལྷ་ས)

མི་ཚེ་ནི་འགྲུལ་བཞུད་ཐེངས་གཅིག་སྟེ།  འགྲུལ་བཞུད་དེ་ལའང་ལམ་བུ་ཁྲི་ཕྲག་མང་པོས་གྲུབ་ཡོད་པས།  འགྲུལ་བཞུད་གང་ཞིག་ལ་འཕྲད་ཀྱང་ཐོག་མར་ལྷ་བྱམས་པ་འཇལ་ན་རིམ་པ་ལྟར།  བྲག་དམར་པོ་འཛེག་ན་ཐེམ་པ་ལྟར་ཞེས་པ་བཞིན་དལ་བ་དལ་བུར་གཟབ་ནན་ངང་བསྐྱོད་པ་ལས་བྲེལ་འཚུབ་དང་སྣང་མེད་བྱ་མི་རུང་།   ཉེན་ཁ་ནི་དུས་ཚོད་སྐར་ཆ་གཅིག་གི་སྔ་གཞུག་དང་གོམ་པ་གང་གི་རིང་ཐུང་ཙམ་ཡིན་པས་འགྲུལ་བཞུད་ཆེ་མ་ཆུང་གསུམ་གང་ལའང་ཡིད་གཟབ་གཟབ་བྱ་རྒྱུ་ནི་ཧ་ཅང་གལ་འགང་ཆེའོ།  ། 

དུས་ཀྱི་འཕོ་འགྱུར་རླུང་ལྟར་མྱུར་བའི་དེང་གི་དུས་འདིར།  ང་ཚོའི་འཚོ་བའི་ཁྲོད་འཁོར་རིགས་སྣ་ཚོགས་ནི་མེད་ཐབས་མེད་པའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད་ལ།  དེར་བརྟེན་འགྲིམ་འགྲུལ་དོན་རྐྱེན་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པའང་ང་ཚོའི་མིག་མཐོང་ལག་ཟིན་དུ་གྱུར་ཡོད།  དོན་རྐྱེན་འདི་དག་ལས་མི་ཤི་ཁྱིམ་སྟོང་དང་བུ་ཕྲུག་དྭ་ཕྲུག  ཕ་མ་དང་བཟའ་ཚང་ཚེ་སྡུག་ལ་སོགས་པའི་གནས་སུ་བསྐྱལ་ཏེ་མི་ཤི་རྟ་འགྱེད་ཀྱི་དོན་རྐྱེན་རབ་དང་རིམ་པ་བྱུང་བཞིན་ཡོད་ཅིང་།   དེ་དག་ལའང་ཆང་འཐུང་བའམ་རྨོག་ཞྭ་གྱོན་མེད་པ་སྲུང་ཐག་འཆིང་མེད་པ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཤིག་མཆིས། 

ན་ནིང་དཔྱིད་ཀ་ཞིག་ལ་ཕ་ཡུལ་གྱི་ཕྱོགས་ནས་གཏམ་ངན་རྣ་ལ་གཟན་པ་ཞིག་ཐོས་བྱུང་།  དེ་ནི་འགྲིམ་འགྲུལ་དོན་རྐྱེན་ཞིག་སྟེ།  ང་དང་ཧ་ཅང་ཐག་ཉེ་བའི་གཉེན་ཉེ་ཞིག་འགྲིམ་འགྲུལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བ་དེ་རེད།  ཁོ་ནི་ཁོའི་བུ་སྤུན་དག་ལས་ཆེས་ཆུང་ཤོས་དེ་ཡིན་ཞིང་།  ཕོ་ལོ་སུམ་ཅུར་བུད་ཡོད་མེད་ཅིག་ཡིན་ལ།  ཁོའི་ཕ་མ་གཉིས་ལ་མཚོན་ན།  ཁོ་ནི་ལ་རིང་བོ་འགོ་བའི་ལག་རྟེན་དང་ཚེ་ཕྱི་མ་འགྲོ་བའི་ཡུལ་སྲུང་ཡིན།   ཁོར་བུ་མོ་གཅིག་དང་བུ་གཉིས་ཡོད་ལ་བུ་ཆུང་བ་ལྷན་སྐྱེས་ཀྱི་ལྐུགས་པ་ཞིག་ཡིན་པས་སློབ་གྲྭ་འགྲིམ་ཐབ་མེད།  ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁོ་ནི་ཕ་མའི་ཁ་་ཉན་ཞིང་ཀུན་ལ་བྱམས་པ་ཞིག་ཡིན་པ་མ་ཟད།  ཆང་རག་བཏུང་བ་སོགས་ཀྱི་ལས་ཅི་ཡང་མི་བྱེད་མཁན་ཞིག་ཡིན།    འོན་ཀྱང་ད་ཐེངས་ཀྱི་དོན་རྐྱེན་འདི་བྱུང་རྗེས་ཁོའི་ཁྲག་གི་ནང་དུ་ཆང་བཅུད་འདྲེས་ཡོད་པ་དང་རྨོག་ཞྭ་གྱོན་མེད་པ་སོགས་སྐྱོན་མང་པོ་ཞིག་ཡོད་པར་བཤད།   ཡིན་ནའང་ཕ་ཡུལ་ནས་རྫོང་མཁར་དུ་ལོག་པའི་འགྲུལ་བཞུད་ཆུང་ངུ་དེའི་ཁྲོད་དུ། ཁོ་ནི་སྐྱིད་སྡུག་བར་ན་གོམ་གང་དང་འདི་ཕྱིའི་བར་ན་སོར་གང་ཟེར་བ་བཞིན་སྐལ་ཅིག་མ་དེ་ཉིད་ལ་གཏན་དུ་འཇིག་རྟེན་དཀར་ངོགས་འདིའི་ཕ་རོལ་ཏུ་ཕྱིན་སོང་། 

 ཡ་ང་བའི་དོན་རྐྱེན་འདིས་བུ་ཕྲུག་དེ་ཚོ་ཕ་མེད་དྭ་ཕྲུག་ཏུ་ལྷག་སོང་ལ།  ཕ་མ་རྒན་རྒོན་གཉིས་ཀྱི་སེམས་སྐྱ་མོ་ཐང་ལ་ལྷུང་དུ་བཅུག  ནང་ཕུ་ནུའི་འཛུམ་མདངས་རྨེག་མེད་དུ་བཏང་།    “ལ་ལས་གལ་ཏེ་ཆང་འཐུང་མེད་ན་དེའི་ཚད་མིན་ཟེར།  ཡང་ལ་ལས་ཨ་ཤུ་རེ་རྨོག་ཞྭ་གྱོན་ཡོད་ན་དེའི་ཚད་མིན་ཟེར།  ”སྨན་ཁང་དུ་ཡང་ཐོན་ཁོམ་མ་བྱིན་པའི་སྐྱི་གཡའ་བའི་དོན་རྐྱེན་དེ་ལ་ལྡོག་ཐབས་ཅི་ཡོད་ཨང་།    གལ་ཏེ་ཆང་འཐུང་མེད་ན་དེ་འདྲ་ཞིག་མིན་པར་སྨན་པ་སྟོན་རྒྱུ་ཞིག་གམ་སྲོག་ཉེན་ལས་ཐར་ཐབས་ཤིག་ཡོད་ཀྱང་སྲིད་ཟེར་ཞིང་ཀུན་གྱིས་མ་ཎི་བཟློ།   

 མདོར་ནང་ཚོས་འཁོར་རིགས་གང་ཞིག་བསྐོར་ན་ཡང་འགྲིམ་འགྲུལ་ཉེན་རྟོག་པའི་ངག་བཀོད་དེ་བཀུར་བ་ཀླད་པའི་གཙུག་དང་ཁུར་བ་ཕྲག་པའི་སྟེང་བྱ་རྒྱུ་དང་གཅིག འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དག་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཁོང་དུ་ཆུད་རྒྱུ་དང་གཉིས།   འགྲུལ་བཞུད་གང་ཞིག་གི་སྐབས་སུའང་དུས་ཚོད་སྐར་ཆ་གང་ཙམ་གྱི་དོན་དུ་སེམས་སུ་འཚུབ་ཆ་མི་ལང་བ་བཅས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད།ཁྱོད་ཀྱི་བདེ་འཇགས་ནི་ཁྱིམ་ཚང་གཅིག་གི་མདུན་ལྗོངས་དང་བུ་ཕྲུག་དག་གི་རེ་བ།   དྲིན་ཆེན་ཕ་མའི་བདེ་སྐྱིད་ཡིན་པ་ནམ་ཡང་སེམས་ནས་མི་བརྗེད་པར་དུས་དང་རྣམ་པ་ཀུན་ཏུ་རླངས་འཁོར་སོགས་བསྐོར་དུས་ཆང་མི་འཐུང་བ་དང་སྲུང་ཐག་དམ་པོར་བཅིང་བ།   རྨོག་ཞྭ་གྱོན་ཏེ་དལ་བུར་བདེ་འཇགས་ངང་བསྐྱོད་ན་ནི་ཁྱོད་རང་འགྲོ་སའི་ལམ་དཀར་ཞིང་རླུང་རྟ་རྒྱུག་ངེས་སོ།  ། 

གྱེར་ཀློག་པ། ལྷ་མོ་ཆོས་སྒྲོན། 

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།