

བཞོ་ཟེའུ།༼བསང་ཆུ། ༽
གཉའ་ཤིང་བུ་གར་རུས་སྦལ་མགྲིན་ཆུད་ལྟར་གྱི་རིན་ཆེན་མི་ལུས་ནི་ཧ་ཅང་ཐོབ་པར་དཀའ་ཞིང་། ཐོབ་ཟིན་པའི་ཚེ་སྲོག་ནི་སྐྱེ་འགྲོ་གང་ལ་མཚོན་ན། ཆེས་རྩ་ཆེ་བས་གཅེས་སྤྲས་དང་བདག་དོམ་བྱེད་རྒྱུ་ནི་སྨྲས་མ་དགོས། ཚེ་སྲོག་ཡོད་པས་ན། མི་རེ་རེའི་དགའ་སྡུག་སྐྱོ་གསུམ་གྱི་མི་ཚེའི་ལོ་རྒྱུས་རིང་མོ་འཇིག་རྟེན་འཁོར་བའི་ཤོག་ངོས་སུ་ཕབ་པའི་གླགས་རྙེད་ཅིང་། ལོ་ཟླའི་ཆུ་རྒྱུན་རིང་མོར་མངར་སྐྱུར་བསྐ་གསུམ་གྱི་འཚོ་བའི་གཟུགས་རིས་སྣ་ཚོགས་ཀྱང་ཕབ་ཐུབ་པ་ཡིན།
མི་ཞིག་ལ་མཚོན་ན། སྐྱེ་རྒ་ན་འཆི་ནི་འཇིག་རྟེན་གྱི་འགྲོ་ལུགས་དང་མི་རྟག་འཁོར་བའི་ཆོས་ཉིད་དུ་ཟད་ནའང་། བར་ཆད་བདུད་ཀྱིས་རྒན་དར་གཞོན་གསུམ་གྱི་ཚེ་སྲོག་འཕྲོག་པ་ནི་ནམ་ཞར་བྱུང་དང་འབྱུང་བཞིན་པ་ཆར་རྗེས་ཀྱི་ཤ་མོའི་ཚུལ་དུ་ཡོད། འཁོར་རིགས་དོན་རྐྱེན་མང་པོ་ཡ་ང་བའི་བདུད་ཀྱི་ཆོ་འཕྲུལ་ལྟར། ཐོལ་གྱིས་མགོ་ཐོག་ཏུ་ལྷུང་སྲིད་པ་ལ། སྐྱེ་འགྲོ་སུ་ཡིན་ཡང་སེམས་ཆུང་དང་མཉམ་འཇོག་བྱེད་པ་ནི་ཧ་ཅང་གལ་ཆེ།
མི་གྲངས་ཁྲི་བརྒྱད་ཙམ་ལས་མེད་པའི་རི་གྲོང་ཆུང་ཆུང་འདིར་མཚོན་ནའང་། འགྲིམ་འགྲུལ་དོན་རྐྱེན་མི་ཉུང་བས་མིའི་སྲོག་ལ་འཚེ་ཞིང་འཇུག་པས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཁ་ཐོར་ཡ་བྲལ་དུ་གྱུར་བའི་ཡིད་སྐྱོ་བའི་དོན་རྐྱེན་སྣ་ཚོགས་འབྱུང་གིན་འདུག་སྟེ། ང་རང་ཕ་ཡུལ་དུ་ལོག་པའི་ལམ་བར་ནས་རླངས་འཁོར་དོན་རྐྱེན་ཞིག་དང་འཕྲད་མྱོང་། དེ་ནི་མི་བཞི་ཤོང་སའི་རླངས་འཁོར་ཆུང་གྲས་ཤིག་བྱེ་འདྲུད་རླངས་འཁོར་ཆེ་གྲས་ཤིག་དང་གདོང་ཐུག་བརྒྱབ་འདུག རླངས་འཁོར་ཆེ་གྲས་དེ་གཡག་རྒན་ཞིག་འགྱེལ་བ་ལྟར། ཁོག་སྟོད་ལམ་འགྲམ་གྱི་ཆུ་རྐའི་ནང་དུ་བརྫངས་པ་དང་། ཁོག་སྨད་རྒྱ་ལམ་དུ་འཕྲེད་ལ་ལོག་པས་བྱེ་མ་ཡོད་ཚད་ལམ་སྟེང་ན་བྱོ་འདུག གདོང་མདོག་ཐལ་སྐྱར་གྱུར་པའི་ཁ་ལོ་བ་མགོ་ནང་དུ་གུག་ནས་དྲན་པ་ཐོར་བ་དང་། ཕར་བལྟས་ཚོད་ཀྱིས་རྨས་ཕོག་ཡུལ་མི་གསལ་མོད། ཚེ་སྲོག་གི་ཉེན་ཁ་ཡོད་མེད་སུས་ཀྱང་ཁ་ཚོན་ཆོད་པར་དཀའ། ཁོག་སྟོད་གཅུར་ནས་ལྕགས་ལེབ་ལྟར་གྱུར་པའི་རླངས་འཁོར་ཆུང་གྲས་དེ་གོམ་པ་གསུམ་ཙམ་གྱི་ལམ་གཡས་ན་ཟུར་ལེབ་ཀྱིས་བརྒྱངས་ཤིང་། འགག་ཟྭ་མནན་པའི་འཁོར་ལོའི་རྗེས་ཤུལ་རིང་མོ་ཞིག་ལམ་སྟེང་དུ་ནག་ཤིག་གེར་ཕབ་ཡོད། ཁམས་ནག་གི་ཁྲག་སྣུམ་ལམ་སྟེང་དུ་བཞུར་ཞིང་། རླངས་འཁོར་ཆུང་བའི་གསེང་ན་ཆུ་ཐིགས་བཞིན་ནུར་ནུར་གྱིས་འབབ་ཀྱིན་འདུག ཁྲག་ནང་ན་བྱིངས་པའི་མི་དག་ངོ་ཟིན་རྒྱུ་ཕར་ཞོག མིག་གིས་བལྟ་མི་ཕོད་པར་སྙིང་ཤ་འདར་ཡོང་།ལམ་འགྲོ་བ་དག་མ་གྲོས་རང་མཐུན་གྱིས་རླངས་འཁོར་གཅིག་སྣེར་གཅིག་མཐུད་དེ་ལམ་འགྲམ་དུ་བཞག་ཅིང་། སྐྱེས་པ་དག་འཚང་ཁ་ཤིག་ཤིག་ངང་གནས་དེར་འདུས་ནས་ལ་ལས་རྨས་མ་སྐྱོབ་པ་དང་། རེ་འགས་མྱུར་སྐྱོབ་རླངས་འཁོར་ལ་ཁ་པར་གཏོང་བ། འགའ་རེས་འགྲིམ་འགྲུལ་ཉེན་རྟོག་པ་འབོད་པ། ལ་ཤས་ཀྱིས་མེ་གསོད་རུ་ཁག་ལ་བརྡ་གཏོང་བ་སོགས་ལ་བྲེལ་བཞིན་མཆི། སྟབས་ཅིག་རིང་། མྱུར་སྐྱོབ་རླངས་འཁོར་གྱི་ལྡིར་སྒྲ་དང་ཟང་ཟིང་ལང་ལོང་གི་མི་ཚོའི་འུར་སྒྲའི་གསེང་ནས། འུམ་འུམ་འུམ། ཨ་མ། ཨ་མ་ཞེས་ན་སོ་དར་ལ་བབས་པའི་གཞོན་ནུ་མ་ཞིག་གི་སྙིང་ཤ་ཆད་པའི་ངུ་སྐད་ཐོས་ཡོང་། ཕུ་བོ། ཕུ་བོ། ཕུ་བོ་ཞེས་ལག་གཉིས་བསྲིངས་ནས་ཕུང་བོར་འབྱར་བའི་གསར་བུ་ཞིག་གི་འབྲལ་མི་ཕོད་པའི་སྡུག་བསྔལ་མཐོང་ཡོང་། ཞི་ལུ། ཞི་ལུ་ཞེས་སྟོད་ལྭས་གཡོགས་པའི་ཕུང་བོ་པང་ནས་ཤུམ་པའི་སྐྱེས་པ་ཞིག་གི་དབུགས་རྒྱུན་འགག་པའི་ན་ཟུག་ཚོར་ཡོང་། སྐབས་ཐོག་འདིར། ཡུལ་ལ་ལོག་པའི་དགའ་སྤྲོ་དང་སྐྱིད་སྣང་འཇའ་ལྟར་ཡལ་ཞིང་། ལྷིང་འཇགས་ཀྱི་ཡུལ་ལུང་འདིའི་དབྱར་གྱི་མཛེས་སྡུག་ཕར་ཞོག སྲིད་གསུམ་གླིང་གི་ཞི་བདེ་དཀྲོགས་པའི་དམྱལ་ཁམས་ཟེར་བ་འདི་ལས་ལྷག་པ་ཞིག་གང་ན་ཡོད་ཨང་སྙམ་པ་འབྱུང་ལ། སེམས་སྡུག་གི་མིག་ཆུ་ཚ་ཉིལ་ཉིལ་དུ་ཟ་འགྲམ་ནས་ལྷུང་བྱུང་། བསམ་དབང་དྲན་དབང་མེད་པར་མི་བུ་འདི་ཚོའི་ཚེ་སྲོག་སྐད་ཅིག་ཉིད་ལ་ཡལ་བར་འགྱོད་པ་གཏིང་ནས་སྐྱེས། གལ་ཏེ། རླངས་འཁོར་ཁ་ལོ་བ་ཚོས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་དང་ཤེས་བྱར་སློབ་སྦྱོང་། སྒྲིག་ལམ་ལ་བརྩི་སྲུང་བྱས་ཡོད་ཚེ། ཡ་ང་བའི་དོན་རྐྱེན་འདི་འདྲ་འབྱུང་མི་སྲིད་ལ། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དག་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་མི་སྲིད་སྙམ་པའི་ཕངས་སེམས་ཚད་མེད་སྐྱེས། ད་ནི་བར་ཆད་ཀྱིས་འཁྱེར་བའི་འདས་པོ་དག་གི་ནང་མི་དང་བཟའ་ཟླ། བུ་ཕྲུག་ཚོ་མི་ཚེ་གང་བོར་སྡུག་བསྔལ་འདི་ལས་ཐར་ཐབས་ག་ལ་ཡོད། གླེང་མི་ཐུབ་ལ་དྲན་ཡང་མི་ཕོད་པའི་སྐྱོ་གར་འདི་ཉིད་ནི་མཐོང་ལམ་དུ་གྱུར་པའི་དོན་དངོས་ཡིན་པས། འགྲིམ་འགྲུལ་ཁ་ལོ་བ་རྣམ་པར་གསལ་འདེབས་ཤིག་གི་དོད་དུ་ཕུལ་བ་ལགས། སྐྱེ་འགྲོ་ཡོངས་ལ་མཚོན་ན། ཚེ་སྲོག་ནི་རྙེད་པར་དཀའ་བའི་རིན་བྲལ་གྱི་ནོར་བུ་ཡིན་ལ། འགྲིམ་འགྲུལ་བདེ་འཇགས་ནི་དེ་བས་ཀྱང་གལ་ཆེན་ཏུ་བསྲུང་བའི་མིག་འབྲས་ལྟ་བུ་ཡིན་པས་ན། འགྲོ་འོང་བདེ་འཇགས་ཡོང་བར་མི་ཚང་མར་འགན་འཁྲི་ཡོད་པ་མ་བརྗེད་ཨང་། །
གྱེར་ཀློག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
