

སྨན་ཤུལ་བསོད་ནམས་ཚེ་རིང་། (མཚོ་ལྷོའི་འབའ་རྫོང་།)
ས་གཞི་ཐམས་ཅད་ལྗང་ནེམ་ནེམ་བྱེད་པའི་དབྱར་གཞུང་ཞིག་ལ། རྩྭ་ཐང་འདིའི་རི་ལུང་ཀུན་ཏུ་སྨུག་སྤྲིན་གྱི་ཡོ་ལང་རབ་ཏུ་འཁྲིགས། ཟིལ་བ་ཁུར་བའི་རྩྭ་ཕྲན་རེ་རེ་སྤང་ཐང་ན་འོད་དུ་འཚེར་ཞིང་མེ་ཏོག་སྣ་བརྒྱར་འཛུམ་མདངས་ལམ་ལམ་མངོན། ཞོགས་པའི་ཉི་འོད་རྩྭ་ཐང་ལ་དྲོད་ཀྱིས་ཁྱབ་དུས་མགོ་ལྕོག་ལྡེམ་པའི་འདབ་སྟོང་གི་ཚལ་དུ་བུང་བ་དང་ཕྱེ་མ་ལེབ་ཀྱི་ཚོགས་དག་དགའ་བ་འབུམ་གྱིས་མྱོས་ཏེ་འཕུར་ལྡིང་གི་ལས་ལ་བྲེལ་བཞིན་གདའ་མོད། སྦྲ་ནག་གིས་ཕྱི་མིག་ལྷུང་བའི་མཛེས་སྡུག་གི་རྩྭ་ཐང་འདི་ལ་དུས་རབས་གསར་བའི་འཕེལ་རྒྱས་ཀྱིས་བདེ་སྙོམས་ཀྱི་གཞུང་ལམ་རིང་ཐུང་མང་པོ་དྲ་བས་སྦྲེལ། རྒྱུ་ལམ་རེ་རེ་ན་ནམ་མཁའི་བྱ་ལས་མྱུར་བའི་རླངས་འཁོར་གྱི་རིགས་སྣ་ཚོགས་སྐད་ཅིག་གི་ཁོམ་ལོང་བྲལ་ཏེ་ཉིན་མཚན་ལྟོས་མེད་ངང་གྲོག་ཚང་རྡོལ་བ་ལྟར་བར་མེད་རྒྱུག་གིན་ཡོད་དོ། །
ཉིན་དེར་ཡང་། ང་རང་ཅི་ཞིག་ལ་འཁྲེང་བའི་ཚོར་རླུང་དྲག་པོ་ཞིག་གིས་དྲང་སྙོམས་ཀྱི་ལམ་འགྲམ་ཞིག་ཏུ་བསླེབས་པ་ན། གློ་བུར་དུ་རླངས་སྣུམ་གྱི་དྲི་མ་སྣ་ཁུང་བརྒྱུད་ཅིང་རླངས་འཁོར་གྱི་ལྡིར་སྒྲ་རྣ་བ་འགག་པ་ཞིག་གིས་ཆག་སྒོ་ཆེན་པོ་ཞིག་བྱུང་བ་ར་སྤྲོད་བྱས་བྱུང་། མ་གཞི། ང་དང་ཐག་ཅུང་མི་རིང་བའི་ལམ་གྱི་བཞི་མདོ་དེ་རུ་རླངས་འཁོར་ཆེ་ཆུང་གཉིས་ཐོད་ཐུག་སྟེ། ལམ་གྱི་གཡས་གཡོན་དུ་གཡུག་འདུག་པའི་སྣང་ཚུལ་དེ་ནི་མཐོང་བྱེད་མིག་གིས་ལྟ་མི་བཟོད་པ་དང་ཐོས་འཛིན་རྣ་བས་ཉན་མི་བཟོད་པར་འདུག་མོད། ང་ནི་ལྟད་མོ་བ་ཞིག་བཅོས་ནས་འདུག་བཟོད་མེད་པས། མྱུར་བ་མྱུར་དུ་བཅོམ་ཆག་སྐྱ་ཉིལ་ལེར་བཏང་བའི་རླངས་འཁོར་དེ་གཉིས་ཀྱི་ཁ་ལོ་བ་དང་འགྲུལ་བ་སོགས་སྐྱོབ་ཨེ་ཐུབ་ལ་འབད་པ་ཡིན། ཡོད་ཚད་འཕེལ་རྒྱས་ཀྱི་ལམ་དུ་ཆས་བཞིན་པའི་དུས་རབས་གསར་བ་འདིར།སྔོན་དང་བསྡུར་ན་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་དང་ཁྱིམ་ཚང་གི་ཡོང་འབབ་ཉིན་རེ་ནས་ཉིན་རེར་ཇེ་རྒྱས་ཇེ་ལེགས་སུ་སོང་བའི་ཁར་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་དང་འབྲེལ་ནས་ལྡབ་འགྱུར་གྱིས་འཕར་སྣོན་བྱུང་། དེའི་རྐྱེན་གྱིས་ཡུལ་མི་མི་ཉུང་བས་འཚོ་བའི་ལེགས་ཉེས་དང་དར་རྒུད་ཀྱི་ཕྱོགས་སུ་འདང་མི་རྒྱག་པར།རི་རབ་ཤུགས་ཀྱིས་འདོན་ཞིང་བྱང་ལམ་རྩལ་གྱིས་གཅོད་ཐུབ་པའི་རླངས་འཁོར་གྱི་རིགས་འགྲན་མགོ་བརྩམས། ཐོག་མའི་འགྲུལ་བཞུད་ཀྱི་ལམ་ཁ་དེ་ནས་རྒོད་པོ་མཐུར་མེད་དེའི་བང་རྩལ་མ་མནོན་པར་འགྲིམ་འགྲུལ་ཆག་སྒོ་འདི་དང་འདི་ལྟ་བུ་རབ་དང་རིམ་པ་ཞིག་མིག་མཐོང་ལག་ཟིན་དུ་བྱུང་བ་སྟེ། ཆག་སྒོ་དེ་དག་གི་ཁྲོད་དུ། མགོ་སྦྲ་མཐིང་སྨུག་ཅིག་ཐང་ནས་བལྟབས་ཏེ་དུ་བ་སྔོན་པོ་ཞིག་དགུང་ནས་བཅད་སོང་ཞེས་པའི་དཔེ་ལྟར་མི་ཤི་ཁྱིམ་སྟོང་དུ་གྱུར་པའི་ཁྱིམ་ཚང་ཡོད་ཅིང་། ལ་རིང་བོར་འགོ་བའི་ལག་རྟེན་ཆག་པ་དང་ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་འདས་ཤུལ་གྱི་ཕ་མ་རྒས་འཁོགས་ཡོད་ལ། རྡུང་བྱེད་ཀྱི་རྭ་ཡ་ཆག་པ་དང་འཕུར་བྱེད་ཀྱི་གཤོག་ཡ་ཆད་པའི་བཟའ་ཟླ་རྒན་གཞོན་ཕོ་མོའང་ཡོད་པས། ང་ཚོས་ནམ་ཡང་ངུ་སྐད་ཨ་སྔོན་དགུང་ལ་བཏེགས་ཤིང་སྡུག་བསྔལ་ཆུ་བོའི་རྒྱུན་ལ་བསྲིངས་པའི་དྭ་ཕྲུག་དག་གི་སྐྱོ་གདུང་དང་མིག་ཆུའི་ཐིགས་ཕྲེང་རེ་རེ་སྔོན་གྱི་ལས་དབང་དུ་བསྒོམས་པས་ག་ལ་ཆོགལྷག་པར་དུ་ཁ་སང་དེ་རིང་གི་དུས་འདིར་ཁྱིམ་བདག་ལ་ལས་གཏའ་མའི་རླངས་འཁོར་དང་བརྐུས་རྫས་ཀྱི་རླངས་འཁོར་སོགས་ཉོས་ཏེ་རང་ཁྱིམ་གྱི་འཚོ་བའི་གྲ་ཉམས་ཤིང་གྲུ་ཆག་པར་གྱུར། འདི་དག་ནི་འབྲོག་ཁུལ་འདིའི་དུད་ཁྱིམ་རེ་འགའ་ཞིག་དང་། ཁྱིམ་མི་ཁ་ཤས་ཤིག་གི་འཚོ་བའི་དར་རྒུད་དང་སྐྱོ་གདུང་གི་མིག་ཆུ། ལུས་སེམས་ཀྱི་རྨ་ཁ། འགྱོད་སེམས་དང་ཉེས་པ་སོགས་བདེ་སྐྱིད་ཀྱི་དགོད་སྒྲར་ཐེབས་པའི་སྐྱོ་གར་རིང་མོ་ཞིག་ཅི་ལ་མིན། དེ་ལས་ཀྱང་གལ་ཆེ་བོ་ནི་ཁ་ལོ་བ་མང་པོ་ཞིག་བདེ་འཇགས་ཀྱི་ཤེས་བྱ་གསར་བར་རྒྱུས་མངའ་མེད་པ་དང་། འཕྲུལ་འཁོར་གྱི་རིགས་བཀོལ་སྤྱོད་བྱེད་པའི་ལག་རྩལ་གྱི་སྐོར་ལ་རི་བོང་གི་རྭ་དང་།ཁྲིམས་ལུགས་དང་མཐུན་པའི་འགྲུལ་སྐྱེལ་གྱི་ཉམས་མྱོང་རུས་སྦལ་གྱི་སྤུ་ལྟར་ཡིན་པའི་ཨུ་ཚུགས་མཐར་སྐྱེལ་གྱི་མཇུག་འབྲས་ཁོ་ན་མིན་ཞེས་སུ་ཡིས་བཤད་ཐུབ།
ཕྱིར་དྲན་དང་བསམ་གཞིགས་དེའི་ཁྲོད་དུ།མ་འོངས་པའི་འགྲུལ་བཞུད་ལམ་ནས་ད་དུང་ཅི་ཞིག་འབྱུང་སྲིད་པ་ཐམས་ཅད་ལས་དབང་གི་བཀོད་སྒྲིག་ཡིན་ཞེས་སོ་སྐྱེས་སུ་ཞིག་གིས་ཁ་ཚོན་བཅད་དེ་བརྗོད་མི་ཐུབ་ཅིང་། ང་ཚོས་ཁྲིམས་མཐུན་ལུགས་མཐུན་ངང་ཉེན་གཡོལ་གྱི་བརྡ་རྟགས་ལ་སྣང་ཆུང་མི་གནང་བར། གནད་འགག་གི་འཁོར་བགེགས་ལ་བཏང་ལྷོད་མི་གཏོང་ཞིང་། ལུས་སྐྱོབ་ཐག་དང་མ་བྲལ། སེམས་རྣམ་གཡེང་ལ་མ་ཞེན་པར་འགྲུལ་ལམ་འདིར་ཞུགས་ན། མྱུར་མགྱོགས་ཀྱི་ལམ་ཁ་འདི་ནི། ང་ཚོ་རང་གཞན་གཉིས་ཀའི་བསམ་དོན་ཡིད་བཞིན་དུ་འགྲུབ་ས་དང་བདེ་སྐྱིད་ཀྱི་འཚོ་བའི་མཐུན་རྐྱེན་མིན་ཞེས་སུ་ཡིས་སྨྲ། ངས་དེ་ལྟར་མཛེས་སྡུག་དང་དྲང་སྙོམས་ཀྱི་ལམ་འགྲམ་དེ་ནས་དུས་གསུམ་གྱི་འགྲུལ་བཞུད་ལ་ཞེན་པའི་དགའ་སྐྱོ་འདྲེས་མའི་ཚོར་འདུ་རུམ་གང་ཁྱེར་ཏེ་ཕྱིར་རང་ཁྱིམ་ལ་གོམ་ཁ་མི་བསྒྱུར་ཐབས་མེད་བྱུང་།
གྱེར་ཀློག་པ། མི་ཕམ་མགོན་པོ།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
