

གཡང་འབུམ་རྒྱལ། [མགོ་ལོག]
ཞོགས་པའི་སྐྱ་རེངས་ཤར་བ་དང་མཉམ་དུ། སེར་ལམ་ལམ་གྱི་ཉི་ཟེར་འཇམ་པོ་དེ་སྣུམ་ལམ་རིང་མོའི་སྟེང་དུ་འཕྲོས་བྱུང་། སྐབས་འདིར། ཁྱིམ་ཚང་གི་ལྟོ་རྒྱབ་ཀྱི་ཆེད་དུ་ལས་ཀར་བྲེལ་བའི་མི་ཚོགས་དག་ལ་ལ་རྐང་ཐང་དང་ལ་ལས་རླངས་འཁོར་གཏོང་བཞིན་ལམ་དུ་གོ་རིམ་ལྡན་པའི་ངང་ཕར་འགྲོ་ཚུར་འོང་བྱེད་པ་ནི་འཚོ་བའི་ཁྲོད་ཆེས་རྒྱུན་མཐོང་གི་སྣང་ཚུལ་ཞིག་རེད། དོན་དངོས་སུ། དེ་ནི་མིའི་རིགས་ཀྱི་ཚེ་སྲོག་རིན་ཐང་གི་འདུ་ཤེས་དྲག་པོ་དང་འགྲིམ་འགྲུལ་སྒྲིག་སྲོལ་གྱི་ཡིག་ཆ་དག་ལ་བརྟེན་ནས་ཐུན་མོང་དུ་གྲུབ་པའི་འཆམ་མཐུན་གྱི་རི་མོ་ཞིག་རེད། དོན་ལ་འགྲིམ་འགྲུལ་བདེ་འཇགས་ནི་འཚོ་བའི་ཁྲོད་རྒྱུན་དུ་གླེང་བཞིན་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་ལ། ང་ཚོ་ཁྱིམ་ཚང་མང་པོའི་བདེ་སྐྱིད་དང་རེ་བར་ཐད་ཀར་འབྲེལ་ནས་ཡོད་པའི་ཚེ་སྲོག་གི་སྙན་རྩོམ་རིང་མོ་ཞིག་ཀྱང་ཅི་ལ་མིན། ནམ་རྒྱུན། ང་ཚོ་མི་སུ་དང་སུ་ཞིག་ཡིན་ཡང་རང་དོན་དང་གཞན་དོན་གང་རུང་གི་ཆེད་དུ་སྲང་ལམ་དུ་བརྒྱུད་སྐབས། འགྲིམ་འགྲུལ་གློག་སྒྲོན་གྱི་མདོག་དམར་ལྗང་སེར་རེས་མོས་སྒོས་འོད་དུ་འཚེར་བ་དེ་ནི་གྲོང་ཁྱེར་གྱི་འཕར་རྩ་དང་མཚུངས་ཤིང་། གློག་སྒྲོན་བརྡ་རྟགས་དེ་དག་གིས་རྐང་ཐང་བ་དང་རླངས་འཁོར་སོགས་ལ་འགྲོ་འོང་གི་ཁ་ཕྱོགས་སྟོན་པ་དང་མྱུར་ཚད་ཇེ་དལ་དུ་གཏོང་བར་གསལ་འདེབས་བྱེད་བཞིན་ཡོད་དེ། གློག་ལྗང་ཤར་ཚེ་གོ་རིམ་ལྡན་པའི་སྒོ་ནས་འགྲོ་འོང་བྱེད་པ་དང་གློག་དམར་ཤར་ཚེ་སྒུག་བསྡོད་པ་སོགས་ནི་ང་ཚོས་ཆེས་མ་མཐའ་ཡང་ངེས་དགོས་པའི་འགྲིམ་འགྲུལ་གྱི་རྒྱུན་ཤེས་ཡིན་པ་རེད། ནམ་རྒྱུན། གློག་དམར་ཤར་ནས་སྒུག་བསྡོད་པའི་སྐབས་སུ། ངས་ཆར་བ་ཟམ་ཟིམ་འབབ་པའི་ཉིན་མོ་ཞིག་དྲན་འོང་། ཉིན་མོ་དེར། རྒན་མོ་ཞིག་གཞུང་ལམ་བརྒལ་སྐབས། འགྲིམ་འགྲུལ་གློག་སྒྲོན་ལྗང་མདོག་ནས་སེར་པོར་གྱུར་མོད། མོའི་གོམ་སྟབས་དལ་བའི་དབང་གིས་མི་བགྲོད་ཐིག་གི་དཀྱིལ་དུ་ཕར་འགྲོ་ཚུར་འོང་མེད་པར་ཐེ་ཚོམ་ངང་ལུས། སྐབས་དེར། རྒན་མོའི་འགྲམ་གྱི་ན་གཞོན་ཞིག་གིས་རང་འགུལ་ངང་གོམ་མཚམས་བཞག་སྟེ། མོ་གཡས་སྐྱོར་གཡོན་སྐྱོར་གྱིས་དལ་བུར་གཞུང་ལམ་གྱི་ཕར་སྣེར་བརྒལ། དེ་དུས་འགྲིམ་འགྲུལ་གློག་སྒྲོན་གྱི་མདོག་གློག་ལྗང་ཡིན་ནའང་། འགྲོ་འོང་བྱེད་པའི་རླངས་འཁོར་ཁ་ལོ་བ་དག་གིས་ཀྱང་བསྒག་ཟྭས་མནན་ནས་ངང་རྒྱུད་རིང་པོས་ཁོ་ཚོར་སྒུག་ཡོད་པ་མཐོང་དུས། ངའི་སེམས་སུ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་པ་ནི་བཙན་དང་དབང་གིས་མ་ཡིན་པར། དེ་ནི་མི་དང་མིའི་བར་གྱི་ཐུགས་ཁུར་དང་བརྩི་འཇོག་ལས་བསྐྱེད་པའི་དྲོད་སྐྱིད་ཀྱི་འོད་ཐིག་ཅིག་རེད་སྙམ་བྱུང་།
སྤྱིར་འགྲིམ་འགྲུལ་གློག་སྒྲོན་སོགས་བརྡ་རྟགས་དེ་དག་ནི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་གོ་ཆ་ཡིན་ལ། དེས་མི་ཚང་མར་བདེ་འཇགས་ངང་རང་ཉིད་ཀྱི་དམིགས་སར་སླེབས་པར་ཁྲིད་སྟོན་བྱེད་ཀྱིན་ཡོད་ཅིང་། ལམ་གྱི་གཞོགས་གཉིས་སུ་ཡོད་པའི་མྱུར་ཚད་ཚོད་འཛིན་བྱང་བུས་ཁ་ལོ་བས་རླངས་འཁོར་གྱི་མྱུར་ཚད་ལ་ཚོད་འཛིན་བྱས་ཏེ་བརྟན་བརླིང་ངང་བདེ་འཇགས་ཀྱིས་བསྐྱོད་པར་དྲན་སྐུལ་ཡང་བྱེད་ཀྱིན་ཡོད་མོད། འོན་ཀྱང་། མི་ཁ་ཤས་ཀྱིས་སྔར་བཞིན་བརྡ་རྟགས་དེ་དག་ལ་སྣང་མེད་དང་རང་རློམ་གྱིས་འགྲིམ་འགྲུལ་ཆག་སྒོའང་ཡང་ཡང་སློང་གིན་ཡོད་པར་མ་ཟད། ང་ཚོའི་ཉེ་འཁོར་དུ་མྱུར་ཚད་ལས་བརྒལ་བའམ་ཐེག་ཚད་ལས་བརྒལ་བ། ཡང་ན། ཆང་འཐུང་རྗེས་དང་ངལ་དུབ་ཀྱིས་མནར་ཡང་ད་དུང་རླངས་འཁོར་བསྐོར་བ་སོགས་ལས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་མང་དུ་ཡོད་ཅིང་། དེ་དག་གིས་མི་རྣམས་ཀྱི་སེམས་སུ་ཚད་མེད་པའི་སྡུག་བསྔལ་འཇོག་གིན་ཡོད་པར་མ་ཟད། འགྲིམ་འགྲུལ་དོན་རྐྱེན་དེ་དག་རེ་རེའི་རྒྱབ་ཏུ་ཁྱིམ་ཚང་ཞིག་གི་ཁ་ཐོར་དང་ཕ་བུ་གསོན་བྲལ་གྱི་ཡ་ང་བའི་དངོས་བྱུང་གི་གཏམ་རྒྱུད་ཀྱང་གང་མང་བྱུང་གིན་ཡོད།
དེ་བས། ང་ཚོས་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་སྲོལ་དག་བློ་ངོར་ངེས་དགོས་པར་མ་ཟད། སྒྲིག་སྲོལ་དེ་དག་ཅིས་ཀྱང་ཞིབ་ཅིང་ཕྲ་བར་ང་ཚོའི་འཚོ་བའི་ནང་དུ་འདྲེན་དགོས། དཔེར་ན། རླངས་འཁོར་གཏོང་སྐབས་ཉེན་སྲུང་སྐྱོབ་ཐག་བཅིངས་པ་དང་། འཕྲུལ་རྟར་ཞོན་སྐབས་མགོ་ལ་སྲུང་སྐྱོབ་རྨོག་ཞྭ་གྱོན་པ། ཡར་མར་ལ་འགྲོ་སྐབས་འགྲིམ་འགྲུལ་བརྡ་རྟགས་ཀྱི་གློག་སྒྲོན་ལ་བལྟ་བ་སོགས་གླེང་རིན་མེད་པའི་སྤྱོད་ལམ་ཆུང་ཆུང་དེ་དག་ནི། གནད་འགག་གི་དུས་སུ་ང་ཚོའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་ལུས་ཀྱི་སྲུང་འཁོར་ཆེན་པོ་ཞིག་ཏུ་གྱུར་ཡོད་དེ། མདོར་ན། ང་ཚོས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་འགྲིམ་འགྲུལ་བདེ་འཇགས་ཀྱི་གོམས་གཤིས་བཟང་པོ་ཞིག་ཆགས་པར་འབད་དགོས་ལ། དཔལ་ཡོན་དང་ལྡན་པའི་འགྲིམ་འགྲུལ་འགྲོ་འོང་གི་ཁོར་ཡུག་ཞིག་བསྐྲུན་པར་ཡང་འབད་དགོས་པ་མ་ཡིན་ནམ། དེ་བས། ང་ཚོ་ལུགས་མཐུན་ངང་འགྲོ་འོང་བྱེད་པ་ནི་རང་གཞན་གཉིས་ཀྱི་བདེ་སྐྱིད་ཀྱི་གཞི་མ་ཡིན་པ་སེམས་ལ་དམ་པོར་འཛིན་འོས་སོ། །
གྱེར་ཀློག་པ། ལྷ་མོ་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
