མུན་ཁྲོད་ཀྱི་མཇུག་སྒྲོན་དམར་པོ། ༼བསྡུས་རྩོམ།༽
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 2

                                                                མོག་ཟླ།   རྩེ་ཁོག

ནམ་རྒྱུན་སྐྱ་མདའ་གཏོང་ལ་ཉེ་དུས།  ཁོ་རང་ལས་རེས་ཁང་ནས་སྒོར་བུད་དེ་མདུན་དུ་སོང་། མུན་པ་བསལ་མེད་པས་རྒྱང་མི་མཐོང་ལ་ཐག་ཉེའང་རབ་རིབ་ཏུ་སྣང་། མཇུག་སྒྲོན་ཆུང་ངུ་ཞིག་མུན་པའི་ཁྲོད་དུ་མེ་སྟག་བཞིན་དམར་འཚུབ་འཚུབ་སྦར་གྱིན་འདུག ཁོས་དེ་ཁོ་ན་གཟས་ནས་སོང་། དེ་ནི་ཉེན་ཚབ་ཀྱི་གློག་འོད་དམར་པོ་ཞིག་སྐྱི་གཡའ་བའི་མུན་ནག་གི་ཁོངས་ན་ཅི་ཞིག་གིས་གསང་བརྡ་སྤྲོད་ཀྱིན་པའམ་ཡང་ན་རེ་བ་དང་ཡིད་ཆེས་ཀྱི་སྤྲོ་བས་བརྟས་པ་གང་ཡིན་བཤད་ཁག་པོ་འདུག  ཁོ་རང་གམ་དུ་སླེབས་དུས་མཐོ་ཞིང་བརྗིད་པའི་དངོས་པོ་ཞིག་ནག་ཡོར་ཡོར་ངང་བསྡད་འདུག དེ་ནི་ཉིན་མོ་འདིའི་གཏོང་གྲབས་ཡོད་པའི་རེས་ཐེངས་དང་པོའི་རེས་འཁོར་དེ་ཡིན་ལ། ཁ་ལོ་བ་སྔ་མོར་འོངས་ནས་གྲ་སྒྲིག་ཨང་གསར་གྱིས་བདེ་འཇགས་ཞིབ་བཤེར་མི་སྣ་སླེབས་པར་བསྒུགས་འདུག

ནམ་རིམ་གྱིས་ལངས་པ་དང་བསྟུན་ཁོར་ཡུག་གི་ཡོད་ཚད་ཇེ་གསལ་དུ་གྱུར་པས་ཁོ་རེས་འཁོར་ཆེན་པོ་ཞིག་གི་འགྲམ་དུ་འགྲེང་སྟེ་ཐོག་མར་གཡས་ནས་གཡོན་དུ་འགྱིག་འཁོར་རེ་རེའི་བརྡར་ཟད་ཚད་འཇལ་གྱིས་སྐོར་ལྟ་བྱས། དེ་ནས་རྒྱང་གློག་དང་ཉེ་གློག་རེས་མོས་ཀྱིས་བཀར་ཏེ་རྒྱུན་ལྡན་ཡིན་མིན་ལ་བལྟས། གཡས་གཡོན་གྱི་ཕྱོགས་སྟོན་གློག་སྒྲོན་དང་ཕྱིར་ནུར་མེ་ལོང་བཅས་ཀྱི་བྱེད་ནུས་ལ་ཞིབ་བཤེར་བྱས། གཞུག་སྒམ་ལས་འདྲུད་འགོག་ལྕགས་ཐག་དང་ཟུར་གསུམ་ཤིང་ལ་བལྟས། འཁོར་སྒམ་དུ་འཛུལ་ནས་དཀྱོག་འཁོར་དང་འཁོར་བསྒག་སྐྱོབ་ཐག་དང་མེ་གསོད་སྒྲིག་ཆས། ཤེལ་སྒེའུ་ངོས་སུ་བཀལ་བའི་ཐོ་ཆུང་བཅས་ཁ་ཚང་མིན་ལ་བལྟས་ཏེ་བདེ་འཇགས་བྱུར་རྐྱེན་ཡོད་མེད་ལ་སྔོན་འགོག་ཞིབ་བཤེར་བྱས། ཞིབ་བཤེར་གྱི་གོ་རིམ་ཡོངས་སུ་མཇུག་རྫོགས་རྗེས། ཁ་ལོ་བར་བདེ་འཇགས་ཐོ་ཡིག་སྟེང་མིང་རྟགས་བཀོད་དུ་བཅུག  ཁོས་མིང་རྟགས་བཀོད་དེ་བདེ་འཇགས་ཐེམ་བྱང་གི་ཤོག་ཙེ་ཞིག་ཁ་ལོ་བར་སྤྲད་ནས་རེས་འཁོར་གྱི་བདེ་འཇགས་བྱེད་ནུས་ཚད་ལྡན་ཡིན་པར་བསྒྲུབས།

དེ་ནས་ཐད་ཀར་འཁོར་སྒུག་ཚོམས་ཆེན་དུ་སོང་། ཁོ་རང་འཛུལ་སྒོའི་ཁར་གྱི་བདེ་འཇགས་ཞིབ་བཤེར་འཕྲུལ་ཆས་ཀྱི་འགྲམ་དུ་ལངས་ཏེ། ལས་གྲོགས་དག་དང་ལྷན་དུ་སྐུ་མགྲོན་རེ་རེའི་རྡོག་ཁྲེས་ཆེ་ཆུང་ཀུན་བདེ་འཇགས་འཕྲུལ་ཆས་ཀྱི་དལ་གྱིས་ནུར་གྱིན་པའི་སྟེགས་སྒྲོམ་སྟེང་བཞག་སྟེ་‘ཉེན་རྫས་གསུམ་’ཡོད་མེད་ལ་ནན་ཏན་དུ་བལྟས་ཤིང་། སྐུ་མགྲོན་རེ་རེའི་ལུས་ཕུང་ལ་མགོ་ནས་མཇུག་བར་གློག་དབྱུག་གླན་ནས་ཞིབ་བཤེར་བྱས། ཁོས་ནངས་སྔ་མོའི་རེས་ཐེངས་དང་པོའི་རེས་འཁོར་བདེ་བླག་ངང་ལམ་འཇུག་བྱས་མཐར། རེས་འཁོར་དེ་འབུད་སྒོ་བརྒྱུད་ནས་ཤར་རེར་རྒྱང་དུ་བསྐྱོད།

ཕོ་ལོ་ལྔ་བཅུར་བརྒལ་བའི་ཁོ་སྐྲ་འདབས་ལ་སེ་མདའ་ལྷུང་ཡོད་ནའང་། ཁོས་ཉིན་ལྟར་འགྲུལ་སྐྱེལ་འབབ་ཚིགས་ཆུང་ངུ་འདིའི་འཛུལ་སྒོ་དང་འཁོར་སྒུག་ཚོམས་ཆེན། བདེ་འཇགས་ཞིབ་བཤེར་ཁུལ་དང་འབུད་སྒོའི་བར་གྱི་བྱ་བའི་ལས་རིམ་དེ་མི་ཚེ་གཅིག་ཉིན་གཅིག་ལྟར་བསྐྱར་ཟློས་ཀྱིས་རྫོགས་པར་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་ནི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི་བའི་འགན་གཅིག་ལྕོགས་སུ་ཁུར། ཁོས་ཉིན་དེའི་མཇུག་མཐའི་རེས་འཁོར་དེའི་ལས་འགན་ཆ་ཚང་བསྒྲུབས་རྗེས། འབུད་སྒོ་བརྒྱུད་ནས་རྒྱང་དུ་བཏང་། ཉིན་གཅིག་ལ་རེས་འཁོར་རེས་ཐེངས་སུམ་ཅུ་ལམ་ཐིག་སོ་སོར་བཏང་། ད་ནི་ཉིན་གང་གི་ལས་ཀ་ཡོངས་སུ་མཇུག་རྫོགས་པར་བྱས། ཁོ་ཅུང་ཉོབ་མདངས་དང་ངལ་དུབ་ཀྱི་བཟོ་ལྟ་སྟོན་གྱིན་ལས་རེས་ཁང་དུ་སོང་ནས་འདུག་སྟེགས་སུ་ཙོག་སྟེ་ངལ་གསོ་བྱས། འཕྲལ་མར་ཇ་ཕོར་བླངས་ནས་ཧུབ་གསུམ་འཐུང་རྗེས་གཉིད་དུ་ཡུར། གཉིད་ལྕོག་ཐན་ཐུན་གྱི་ཁྲོད་དུ་རེས་འཁོར་རྒྱང་དུ་ཆས་པའི་དུང་སྒྲ་ཐག་རིང་ནས་གྲག་འོངས་ལ། རྒྱང་གློག་ཆེམ་ཆེམ་དུ་མཆེད་པའང་གསལ་འོངས། ཁོའི་རྨི་ལམ་དུ་ཉེ་སྔོན་ཞིང་ཆེན་ག་གེ་མོ་ནས་རེས་འཁོར་ལ་བྱུར་རྐྱེན་བྱུང་སྟེ་ལམ་བར་ནས་གཡང་དུ་ལྷུང་ཞིང་མི་བཞི་བཅུ་འཆི་ལམ་དུ་བརྫངས་པའི་ཡ་ང་བའི་གནས་ཚུལ་ཞིག་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཁྱབ། དེ་མུར་འབྲེལ་ཡོད་ལས་ཁུངས་དག་གིས་ཉེན་བརྡའི་སློབ་གསོའི་ཚོགས་འདུ་འཚོགས་བཞིན་པ་འཁོར།

ཉིན་འདི་ཚོར་ཁོ་ལ་འདི་འདྲའི་རྨི་ལམ་ཧ་ཅང་མང་། རྨི་ལམ་དེ་དག་གིས་རྟག་པར་མནར་གཅོད་བཏང་།

རེས་འཁོར་གྱི་འཁོར་བསྒག་མནན་པའི་འཛེར་སྒྲ་རིང་མོ་ཞིག་གིས་ཁོ་ཧར་སེ་སད་དུ་བཅུག ཁོས་ལས་རེས་ཁང་གི་སྒོ་ཕྱེས་ནས་ཕྱི་རོལ་ལ་བལྟས་པས། ཁོར་ཡུག་ཡོངས་མུན་པ་སྟུག་པོས་གཡོགས་འདུག མཇུག་སྒྲོན་ཆུང་ངུ་གཉིས་མུན་ཁྲོད་དུ་མེ་སྟག་མཆེད་པ་བཞིན་དམར་འཚུབ་འཚུབ་འཚེར་གྱིན་འདུག ཁོས་དེ་གཟས་ནས་བྲེལ་སྟབས་ཀྱིས་མདུན་དུ་བསྐྱོད།   མདུན་ནས་མདུན་དུ་བསྐྱོད།

མུན་ཁྲོད་དུ་མཇུག་སྒྲོན་དམར་པོ་དམར་འཚུབ་འཚུབ། དམར་འཚུབ་འཚུབ་བྱེད།

གྱེར་ཀློག་པ། དཔལ་ཆེན་རྡོ་རྗེ།

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།