ཚེ་སྲོག་གིས་སྐུལ་བའི་ཉེན་བརྡ།༼བསྡུས་རྩོམ།༽
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

                                        ལྷ་སྡེ་དཔལ་ཆེན་འབུམ།  [མཚོ་ལྷོ།]

ཟླ་དགུ་བའི་ལྷགས་རླུང་གིས་སྟོན་མཇུག་ལ་རྫོགས་ཚིག་གི་གསལ་བརྡ་ཡང་ཡང་གཏོང་བའི་མཚན་མོ་ཞིག་ལ།  ཁྱིམ་ཚང་འདིའི་རྒྱབ་རི་འདྲ་བའི་ཨ་མས་ངེད་ཅག་བཟའ་མི་གང་བོ་ཤུལ་དུ་བསྐྱུར་ནས་བུད་སོང་བའི་ཐན་སྐད་ངན་པ་དེ་རྣ་བར་འབྱོར་མ་ཐག   ངའི་གློ་སྙིང་གི་བར་ལ་གྲི་ཡིས་བསྣུན་པ་ལྟ་བུའི་ན་ཟུག་ཆེ་ཆེར་སྦྱིན་ཞིང་།  མགོ་ནང་དུ་མུན་པ་ལྟ་བུ་ཅི་ཞིག་འཐིབས་ནས་དྲན་དབང་ཡང་ཉམས་སོང་།   རྒྱུ་མཚན་ནི་ཨ་མ་འགྲིམ་འགྲུལ་དོན་རྐྱེན་ཞིག་གི་ཁྲོད་དུ་ཚེ་ལས་འདས་པའི་བརྒྱུད་རིམ་དེ་དྲན་སྣང་གིས་སྐུལ་འོང་ཙ་ན།   རང་མགོར་བབས་མྱོངས་པའི་འགྲིམ་འགྲུལ་ཆག་སྒོ་འདི་དང་འབྲེལ་བའི་སྡུག་བསྔལ་དང་སྐྱོ་གདུང་།  ཡང་ན།    ཨ་མ་བཞུགས་དུས་ཀྱི་བདེ་སྐྱིད་དང་སྤྲོ་སྣང་།  མདོར་ན་མ་བུ་ལྷན་འཛོམས་ཀྱི་འཚོ་བ་སྐྱིད་པའི་དྲོད་ཁོལ་དག་དང་ཁ་བྲལ་བའི་བདག་གིས་ཀྱང་རྒྱ་ཆེ་བ་ཁ་ལོ་བ་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་གསལ་འདེབས་ཤིག་ཡང་ཡང་ཞུ་ན་འདོད་བྱུང་།

ངའི་ཨ་མ་ནི་རྫོང་མི་དམངས་སྨན་ཁང་གི་མོ་ནད་ཚན་ཁག་གི་ཆེད་མཁས་སྨན་པ་ཞིག་ཡིན་ཞིང་། རྒྱུན་པར་ཕར་ནད་པའི་གམ་དུ་ནད་བཅོས་སུ་འགྲོ་རྒྱུར་ཧ་ཅང་དགའ།   དེ་ནི་མོས་རང་གི་ལས་ཀར་བཟུང་བའི་རྣམ་འགྱུར་རམ་སྨན་པ་ཞིག་གི་ཀུན་སྤྱོད་ཀྱི་ཚད་གཞི་གལ་ཆེན་ཞིག་ཡིན་པ་སུས་མི་ཤེས།   གཟའ་སྤེན་པའི་མཚན་གུང་ཞིག་ལ་ཨ་མར་གློ་བུར་ཁ་པར་ཞིག་ཐོན་ཏེ།   སྐད་གཉོམ་ཞིང་ངག་འདར་བའི་མི་དེས་ངེད་ཚང་གི་མནའ་མར་གཟེར་བརྒྱབ་ཅིང་བྱིས་པ་སྐྱེས་མ་ཐུབ་པར་ཤི་གསོན་གྱི་ཁ་མཚམས་ན་ཡོད་པས།  ཅིས་ཀྱང་སྲོག་ཅིག་སྐྱོབས་རོགས་ཞེས་ཞུ་བ་ཡང་ཡང་ཕུལ།   དེ་དུས་དུས་ཚོད་འཕྱི་པོ་ཆགས་ཡོད་པས་ངེད་ཁྱིམ་མི་གང་བོས་སང་ཉིན་སོང་ན་ལོས་ཆོག་ཅེས་འཁང་ར་ཡང་ཡང་བྱས་མོད།   ཨ་མས་ང་ཚོར་ཁ་ཡ་མི་བྱེད་པར་དེ་མུར་ཁས་ལེན་བྱས་སོང་།    ཅུང་མ་འགོར་བར་སྐྱེས་པ་ཞིག་གིས་འཕྲུལ་རྟ་ཞོན་ནས་ངའི་ཨ་མ་བསུ་རུ་ཐོན། ཨ་མས་སྨན་བཅོས་ཡོ་བྱད་དང་སྨན་རྫས་སྣ་ཚོགས་བསྡུ་གསོག་བརྒྱབ་ཅིང་དེ་ལྟར་དུས་ཚོད་ཀྱི་སྔ་གཞུག་རྩོད་ཀྱིན་མི་སྲོག་སྐྱོབ་པའི་ལམ་ལ་ཆས་པ་རེད།  ལམ་ལ་ཆས་ཁར་ཨ་མས་མི་སྲོག་གཅིག་སྐྱབས་ན་དགེ་བ་བསམ་གྱིས་མི་ཁྱབ་པས།    ཨ་མ་མཚན་གུང་འགྲོ་དགོས་ཀྱང་སྤྲོ་སྣང་ཡོད་ཟེར་བའི་སྐད་ཆ་དེ་ནི་ད་ལྟ་ད་དུང་ཡང་ངའི་རྣ་ལམ་དུ་གསལ་ལྷང་ངེར་འདུག

ཏག་ཏག་དགོང་མོ་དེར།    སྙིང་ལ་གཟན་ཞིང་བཟོད་གླགས་མེད་པའི་ཐན་སྐད་ཅིག་གིས་ངེད་ཚང་གི་བདེ་སྐྱིད་ཀྱི་ཉི་འོད་དྲོན་པོ་དེ་ཉིད་སྡུག་བསྔལ་གྱི་གྲུབ་སོས་བཀུགས་སོང་།   གསལ་བོར་བཤད་ན།   དགོང་མོ་དེར་ཨ་མར་འགྲིམ་འགྲུལ་དོན་རྐྱེན་བྱུང་སོང་།    ཨ་མས་སྦྲུམ་མར་བདེ་འཚམ་ངང་བྱིས་པ་བཙའ་རུ་བཅུག་རྗེས།   མཚན་བརྒྱབ་ནས་ཕྱིར་ཡུལ་ལ་ལོག་པའི་ལམ་དུ།   གློག་ལམ་ལ་ཆག་སྐྱོན་ཤོར་ཞིང་ཞིབ་བཤེར་དང་འགན་སྲུང་ཡོལ་བའི་དངོས་སྐྱེལ་རླངས་འཁོར་ཞིག་བརྙན་མིག་ལ་གཞོལ་ཆེད་སྡེ་བའི་སྲང་ལམ་བེད་སྤྱད་ནས་དཀྱོགས་མཚམས་ཤིག་ཏུ་བུད་པ་ན།   ངའི་ཨ་མ་ཡུལ་དུ་བསྐྱེལ་བའི་འཕྲུལ་རྟའི་ཁ་ལོ་བར་བསམ་དབང་དྲན་དབང་མ་བྱིན་པར་གདོང་ཐུག་བརྒྱབ་སྟེ།   འཇིག་རྟེན་དཀར་ངོགས་འདི་དང་གཏན་དུ་གྱེས་བྲལ་བྱེད་དགོས་སོང་།

དེ་ལྟར་ངའི་ཨ་མ་ཚེ་ལས་འདས་ནས་ལོ་བཞི་ཙམ་འགོར་ཡང་།    ངའི་དྲན་པའི་མེ་ལོང་ངོས་སུ་ནམ་ཡང་བཟོད་སྒོམ་བྱེད་མི་ཐུབ་པ་ཞིག་ནི།     མཚན་མོ་དེར་དངོས་སྐྱེལ་རླངས་འཁོར་དེའི་གློག་ལམ་ལ་ཆག་སྐྱོན་བྱུང་མེད་པའམ་ནམ་གུང་དངོས་ཟོག་ལྐོག་འདྲེན་བྱེད་ཆེད་སྡེ་བའི་སྲང་ལམ་བརྒྱུད་མེད་ཚེ།   ཡང་ན།  སྐྱེལ་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དེར་འགྲིམ་འགྲུལ་བཅའ་ཁྲིམས་ཀྱི་འདུ་ཤེས་ཡང་དག་ཅིག་ཡོད་ཚེ།  ངའི་ཨ་མས་ད་དུང་མི་ཡུལ་ཁམས་འདི་རུ་གཞན་ཕན་ལྷག་བསམ་གྱི་བྱ་བ་སྒྲུབ་བཞིན་ང་ཚོ་དང་ལྷན་དུ་ཡོད་ངེས།   གལ་ཏེ།   འཕྲུལ་རྟ་ཞོན་པའི་མི་དེར་རང་སྲུང་གི་གོམས་གཤིས་ཡག་པོ་ཞིག་ཡོད་ཅིང་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དོ་སྣང་ཅུང་ཙམ་བྱས་ཡོད་ཚེ།    ཡང་ན་ཁོས་ངའི་ཨ་མའི་དབུ་ལའང་རྨོག་ཞྭ་ཞིག་གྱོན་དུ་བཅུག་ཡོད་ཚེ་མོའི་རྣམ་ཤེས་ཀྱི་བུང་བ་མི་ཡུལ་འདིར་གཏན་བྲལ་བྱེད་ག་ལ་སྲིད་ཨང་།

གང་ལྟར།    ངའི་ཨ་མའི་མི་ཚེ་འགྲིམ་འགྲུལ་དོན་རྐྱེན་འདིའི་ཁྲོད་དུ་མཇུག་རྫོགས་པ་དེས། ངའི་ཉེ་འཁོར་གྱི་མི་ཚང་མར་འགྲིམ་འགྲུལ་བདེ་འཇགས་ལ་དུས་གཏན་དུ་དོ་སྣང་བྱེད་དགོས་པའི་གཟུགས་མེད་ཀྱི་དྲིལ་ཆུང་ཞིག་ཉེན་བརྡའི་ཚུལ་དུ་ཡང་ནས་ཡང་དུ་གཏོང་བ་དང་འདྲ་ལ།  འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་པ་ནི་ཚེ་སྲོག་ལ་བརྩི་བཀུར་བྱས་པ་ཡིན་པ་ར་སྤྲོད་བྱེད་པ་དང་ཅི་ནས་མཚུངས་སོ། །

གྱེར་ཀློག་པ། ཚེ་མགོན་རྒྱལ། 

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། 

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།