

འབྲོང་ཞེན། [རྨ་ལྷོ།]
ཨ་ཁུ་ཚེ་རིང་ནི་ང་ཚོའི་གྲོང་ཁྱེར་ཆུང་ཆུང་འདིའི་ལམ་ཐིག་བརྒྱད་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་རྒན་པ་ཞིག་ཡིན།
ནམ་རྒྱུན། ང་རང་སྤྱི་སྤྱོད་རླངས་འཁོར་འདིའི་ནང་དུ་འབུད་ཐེངས་རེ་རེར་ཁ་ལོ་བའི་རྩིབ་ན་འཕྲུལ་རྟའི་རྨོག་ཞྭ་སྔོན་པོ་ཞིག་ཡོད་པ་དེར་ཡ་མཚན་སྐྱེ་བཞིན་ཡོད། ཁོས་སྤྱི་སྤྱོད་རླངས་འཁོར་ནང་དུ་རྨོག་ཞྭ་ཞིག་འཇོག་དོན་ག་རེ་ཡིན་ནམ། རང་ཁྱིམ་ནས་སྤྱི་སྤྱོད་རླངས་འཁོར་ཀུང་ཟིར་ལས་ཞུགས་སུ་ཡོང་སྐབས་འཕྲུལ་རྟ་ཞོན་ནས་ཡོང་བ་ཡིན་ནམ། དེ་ཡང་མིན་པ་འདྲ་སྟེ། ཁོ་ཚང་དང་སྤྱི་སྤྱོད་རླངས་འཁོར་ཀུང་ཟི་གཉིས་ཁྱིམ་མཚེས་ཡིན་པས། རྐང་ཐང་དུ་སོང་ཡང་སྐར་མ་གཉིས་གསུམ་ལས་མི་འགོར་བས་འཕྲུལ་རྟ་ཞིག་ཞོན་པའི་དགོས་པ་ཡོད་མི་སྲིད།
ཉིན་ཞིག ང་ལ་ཆམ་པ་ཕོག་སྟེ་སྒེར་གྱི་སྒོ་བསྟེན་སྨན་ཁང་ཞིག་ཏུ་གནམ་ཁབ་བརྒྱབ་ནས་བསྡད། སྐབས་དེར། ཨ་ཁུ་ཚེ་རིང་ཡང་སྨན་ཁང་དེར་ཡོང་ནས་ངའི་གམ་གྱི་འདུག་སྟེགས་ཤིག་གི་སྟེང་དུ་བསྡད་བྱུང་། མ་གཞི་ཁོ་ལའང་ཆམ་པ་ཕོག་སྟེ་ཉིན་འགར་ཁྱིམ་དུ་སྨན་འཐུང་རུང་ཇེ་དགར་མི་འགྲོ་བས་གནམ་ཁབ་རྒྱག་ཏུ་ཡོང་བ་ཡིན་འདུག ངས་ཨ་ཁུ་ཚེ་རིང་མཐོང་བའི་མོད་ལ་ཁོའི་རྨོག་ཞྭ་དེ་དྲན་བྱུང་། ངེད་གཉིས་ཀྱིས་ཁ་བརྡ་བཤད་ཞོར་ཆུ་ཚོད་ཕྱེད་ཀ་ཙམ་སོང་མཚམས། ངས་ཨ་ཁུ་ཚེ་རིང་ལ་ཁོས་ནམ་རྒྱུན་སྤྱི་སྤྱོད་རླངས་འཁོར་དུ་རྨོག་ཞྭ་དེ་འཇོག་དགོས་པའི་རྒྱུ་མཚན་དྲིས་པ་ཡིན། ཨ་ཁུ་ཚེ་རིང་འཛུམ་ཙམ་བྱས་ཏེ། “དེ་ནི་ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན་ཡིན་པས། ངས་སྤྱི་སྤྱོད་རླངས་འཁོར་ཙམ་མ་ཟད་སྒེར་གྱི་རླངས་འཁོར་སྐོར་སྐབས་ཀྱང་རྨོག་ཞྭ་དེ་རྩིབ་ལ་བཞག་བཞག་ལ་འགྲོ་བཞིན་ཡོད”ཟེར།
དེར་མཐུད་ནས་ཨ་ཁུ་ཚེ་རིང་གིས་ལོ་འགའི་སྔོན་གྱི་འགྲིམ་འགྲུལ་དོན་རྐྱེན་ཞིག་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཤད་བྱུང་སྟེ། རབ་དཀར་ཁ་བས་ས་གཞི་གཡོགས་པའི་དགུན་དུས་ཀྱི་ཞོགས་པ་ཞིག་ལ། ཨ་ཁུ་ཚེ་རིང་གིས་གསར་དུ་ཉོས་པའི་འཕྲུལ་རྟའི་མྱུར་ཚད་བརྒྱ་ལས་བརྒལ་ཏེ་མདའ་འཕངས་པ་ལྟར་རྫོང་མཁར་དུ་བསྐྱོད། རྫོང་མཁར་གྱི་ཐག་ཉེར་སླེབས་སྐབས་འགྲིམ་འགྲུལ་ཉེན་རྟོག་པས་བདེ་འཇགས་སྐོར་གྱི་ཞིབ་བཤེར་བྱེད་ཀྱིན་འདུག ཉེན་རྟོག་པ་གསར་བུ་ཞིག་གིས་ཨ་ཁུ་ཚེ་རིང་གིས་རྨོག་ཞྭ་གྱོན་མེད་པ་མཐོང་ཞིང་། ཁོ་རང་བཀག་སྟེ་ཁ་ཏ་སློབ་གསོ་གཏོང་ཞོར་རླངས་འཁོར་ལས་རྨོག་ཞྭ་སྔོན་པོ་ཞིག་བླངས་ནས་བྱིན་པ་དང་། འཕྲུལ་རྟ་ཞོན་སྐབས་ངེས་པར་དུ་རྨོག་ཞྭ་གྱོན་དགོས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཨ་ཁུ་ཚེ་རིང་གིས་ཁ་ནས་ཡ་ཡ་ཡོ་ཡོ་ཟེར་རུང་སེམས་སུ་གལ་ཏེ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ཚེ་རྨོག་ཞྭ་ཞིག་གིས་ཕན་ཅི་ཞིག་ཐོགས་སམ་བསམ་ནས་ཁོང་དགོད་ཤོར། ཁོས་སྔར་བཞིན་འཕྲུལ་རྟ་བང་གིས་བརྒྱུགས་ནས་རྫོང་མཁར་གྱི་བཞི་མདོར་སླེབས་པ་ན། གར་ཡོང་འདིར་ཡོང་མ་ཤེས་པར་འཕྲུལ་རྟ་ཞོན་པའི་གསར་བུ་ཞིག་དང་ཁོ་གཉིས་རྡུང་ཐུག་བརྒྱབ་སྟེ་རང་རང་སར་གཡུགས། བརྒྱལ་བ་ལས་སད་དུས་རང་ཉིད་རྫོང་སྨན་ཁང་དུ་ཡོད་པ་ཚོར་ཞིང་། ལག་པ་ཡ་གཅིག་གས་ཆག་ཏུ་བཏང་བ་དང་རྐང་བར་ཡང་ཟུག་གཟེར་ཆེན་པོ་ལངས་པ་རྟོགས། གམ་ན་ཅེ་རེར་བལྟས་ཡོད་པའི་ཡུལ་མི་དག་གིས་ཁོ་རང་སད་པ་མཐོང་མ་ཐག་སེམས་སུ་དགའ་ཚོར་ཆེན་པོ་སྐྱེ་བཞིན། གལ་ཏེ་རྨོག་ཞྭ་འདི་གྱོན་མེད་པ་ཡིན་ན་བསམ་ཡུལ་ལས་འདས་པའི་དོན་ངན་ཅི་ཞིག་བྱུང་ཡོད་པ་ཤེས་ཐབས་མི་འདུག ཁོ་དང་རྡུང་ཐུག་བརྒྱབ་པའི་གསར་བུ་དེས་རྨོག་ཞྭ་གྱོན་མེད་སྟབས་ཀླད་པའི་ནང་ཁྲག་བླུགས་ནས་ཞིང་ཆེན་སྨན་ཁང་དུ་མྱུར་སྐྱོབ་བྱ་བཞིན་འདུག་ཟེར། སྐད་ཆ་དེ་དག་ཐོས་པའི་མོད་ལ་ཨ་ཁུ་ཚེ་རིང་གིས་སེམས་གཏིང་ནས་འགྲིམ་འགྲུལ་ཉེན་རྟོག་པ་གསར་བུ་དེར་བཀའ་དྲིན་ཞིག་ཞུ་འདོད་སྐྱེས་པ་དང་། ད་ནས་བཟུང་རང་ཉིད་ཀྱིས་འཕྲུལ་རྟ་ཞོན་སྐབས་ངེས་པར་དུ་རྨོག་ཞྭ་གྱོན་དགོས་པའི་གལ་ཆེན་རང་བཞིན་སེམས་ཀྱི་གཏིང་ལ་བརྐོས་པ་རེད།
དུས་དེ་ནས་བཟུང་། ཨ་ཁུ་ཚེ་རིང་གིས་རྨོག་ཞྭ་དེ་ལུས་དང་གྲིབ་མ་བཞིན་འགྲོགས་འགྲོགས་ལ་བསྡད་པར་མ་ཟད། དེ་ནི་རང་ཉིད་ལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་དྲན་སྐུལ་དང་། རང་གིས་གཞན་ལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་ཤེས་བྱ་བརྒྱུད་སྒྲོག་གི་ལག་ཆ་གཙོ་བོ་ཞིག་ཏུ་ངོས་བཟུང་ཡོད་དོ། །
གྱེར་ཀློག་པ། སྒྲོལ་མ་སྐྱབས།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
