ཨ་མའི་བུ་ལ་ལྷོད་ཅིག་དགོས། ༼བསྡུས་རྩོམ།༽
ཁུངས། ཀློག་གྲངས། 3

འདམ་འཇིལ་ལི།(ཐུན་ཏེ།)

“ཨ་མའི་བུ་ལ་ལྷོད་ཅིག་དགོས།” བརྗེད་ཐབས་བྲལ་བའི་མན་ངག་འདི་ནི་ང་རང་ལོ་ན་བཅུ་གསུམ་ཡིན་དུས་ནས་བཟུང་སེམས་སུ་གསལ་མོད།   མན་ངག་འདི་ཡང་བསྐྱར་དྲན་དུས་ང་རང་ལོ་ན་དྲུག་ཅུར་ཉེ་ལ་ཡོད།  ངའི་མི་ཚེ་ཕལ་ཆེར་མཚོ་སྔོན་ནས་བོད་ལྗོངས་བར་གྱི་མཚོ་བོད་གཞུང་ལམ་སྟེང་དུ་ཟད་པ་ཡིན་པས།  མན་ངག་དེ་ནི་དངོས་ཟོག་སྐྱེལ་འདྲེན་ཁ་ལོ་བ་ཞིག་གི་མི་ཚེ་བརྒྱུད་ལམ་རིང་མོའི་སྐྱ་ཡ་ཉག་ཅིག་ཡིན་ཞེས་བཤད་ཆོག །

ངའི་ཁ་ལོ་བའི་དགེ་རྒན་བཀྲ་ཤིས་ཀྱིས་ནམ་ཕྱིར་ལམ་ལ་ཆས་དུས“གོ་རེ་རུམ་ན་ཡོད་ན། གྲོགས་པོ་ལམ་ན་ཡོད”ཟེར་ངེས་ཡིན།   ངས་བསམས་ན་ཁོང་གི་སྐད་ཆ་དེའི་དོན་ནི་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བ་དེ་དང་འདྲ་བར་སྙམ།  རྒྱུ་མཚན་ནི་ཁོང་གིས་ལམ་མཚམས་གང་ཞིག་ཡིན་རུང་ལག་པ་ཡར་བཀྱགས་ནས་རླངས་འཁོར་འགོག་མཁན་ཞིག་བྱུང་ཚེ་དཀའ་ལས་སྐུ་ཚེགས་ལ་མི་འཛེམ་པར་དན་སེ་བསྡད་དེ་དམིགས་སའི་གནས་སུ་འཁྱེར་ངེས་ཡིན་ལ། བསྐུར་དངོས་ཤིག་ཡིན་ཡང་དེའི་ཆེ་ཆུང་དང་དཀའ་ཚེགས་སོགས་ལ་ཁྱད་མེད་པར་ཡར་སྐྱེལ་མར་ལེན་བྱེད་པ་ཡིན། ཐ་ན་སྐད་བསྐུར་མཁན་ཚོའི་རེ་བའང་སྟོང་ཟད་དུ་གཏོང་བའི་དཔེ་མེད།  རླངས་འཁོར་སེམས་ཆུང་ངང་བསྐོར་བ་དང་ལམ་ནས་དོན་བཟང་སྒྲུབ་པ་དེ་ངེད་གཉིས་ཀའི་རྩ་དོན་ཞིག་ཏུ་ཆགས་ཡོད་པར་སྣང་།   ངེད་གཉིས་ཀས་ལམ་གེགས་མ་ལུས་སེལ་བའི་སྔོན་འགྲོའི་ཆ་རྐྱེན་ཡག་ཤོས་དེ་ཉིད་སྒང་མཐོ་སར་བུད་ནས་ཐང་ཆེ་སར་བལྟས་ལ།  སེམས་དྲང་བོ་བཟུང་ནས་དོན་ཆེན་པོ་བསྒྲུབས་པའི་ལོ་ཟླ་ཡིན་པར་འདོད།

དེ་ཡང་།  ང་རང་ལོ་ཉེར་གཅིག་ལ་སོན་པའི་སྐབས་ནས་བཟུང་སྟེ།  དགེ་རྒན་བཀྲ་ཤིས་ངེད་གཉིས་ཀྱིས་རླངས་འཁོར་བསྐོར་བའི་ལས་ཀ་འགན་གཅིག་ལྕོགས་སུ་ཁུར་བཞིན་ཡོད་དེ།  དགེ་རྒན་ཁོང་གི་ངང་རྒྱུད་རིང་ལ་བབས་ཆགས་པའི་ངང་རླངས་འཁོར་བསྐོར་བའི་སྲོལ་བཟང་དེ་ངས་དཔར་དུ་བཏབ་པ་དང་གཅིག་མཚུངས་ཡིན་ཕྱིན།  བདེ་འཇགས་ཐད་དུ་དགེ་རྒན་གྱིས་ཁས་ལེན་གང་ལེགས་ཐོབ་ཀྱི་ཡོད།  ངེད་གཉིས་ས་ཆ་གང་སར་སླེབས་དུས།  ཁ་ལོ་བ་བཀྲ་ཤིས་རྒན་གཞོན་གཉིས་ཀ་སླེབས་སོང་ཞེས་རང་ག་བའི་བླ་མ་ཞིག་ཕེབས་པའི་ཡན་དང་ཡན་ཡིན།  ལམ་ནས་རླངས་འཁོར་ལ་ཆག་སྐྱོན་བྱུང་ཚེ་ཟ་འཐུང་དང་འདུག་ས་ལ་འདང་རྒྱག་མེད་ཅིང་།  ངལ་གསོ་སའང་དེ་བཞིན་ཡིན་ལ་ལམ་བྲོ་དང་སྐོམ་པ་སྟེར་མཁན་ཡང་ཉུང་ཉུང་མིན།  དེ་ནི་ད་གཟོད་དོན་དམ་པའི་གོ་རེ་རུམ་ན་ཡོད་ན། གྲོགས་པོ་ལམ་ན་ཡོད་ཟེར་བ་དེའི་ཡང་སྙིང་ཡིན་པར་ངེས།

བདེ་འཇགས་ངང་ཕར་ལ་བསྐྱལ་བའི་ལོ་ཟླ་དེ་དག་གི་ནང་དུ་སྤྱང་ཀི་ལུག་ཤས་མ་བརྣངས་ལ།   རང་འཐག་ཡོས་ཀྱིས་མ་བཀས་མོད།  འོན་ཀྱང་།   ལུག་རྐང་གྱོལ་སྤྱང་ཀིས་འདེད་ཁལ།  ཁ་འབའ་ཚག་དི་རེ་འགྲོ་རབ་ཡོད་ཅེས་པའི་རླུང་ཆེན་གཡུགས་འདྲ་དང་གློག་དམར་འཚུབ་འདྲའི་ངང་རླངས་འཁོར་གཏོང་མཁན་གྱི་ལམ་གེགས་གང་མང་བྱུང་མྱོང་ཡོད།   དེ་འདྲའི་གནས་ཚུལ་དང་ཕྲད་བྱུང་ཚེ།  མཐོ་རི་རབ་རྩེ་ལ་སྐྱ་ལམ་བཏོད་མྱོང་ཞིང་།  དམའ་རྒྱ་མཚོའི་དཀྱིལ་ལ་རྐང་ཟམ་བཏོད་མྱོང་བ་དང་འདྲ་བའི་ཉམས་མྱོང་ཅན་དགེ་རྒན་བཀྲ་ཤིས་ཀྱིས་ལས་སླ་མོས་གཟུར་ཐབས་བྱེད་ཐུབ།  ཡིན་ནའང་།   ཆག་སྒོ་ཞེས་པ་འདི་ནམ་ཐོན་ཆ་མེད་རེད་དེ།    ཐེངས་ཤིག   འཁོར་སྒག་ཆད་པའི་རླངས་འཁོར་ཞིག་གིས་ཐུར་ལམ་དུ་ངའི་རླངས་འཁོར་ལ་རྡུང་ག་བརྒྱབ་སོང་།   དོན་དག་ནི་གློ་བུར་དུ་བྱུང་བ་ཡིན་པས།   ངས་ནི་ཐབས་བརྒྱ་ཇུས་སྟོང་གིས་གཟུར་ཐབས་བྱས་མོད།    འོན་ཀྱང་།    ཕ་རོལ་པོར་ཉམས་མྱོང་མ་འདང་བ་དང་སྐྲག་དངངས་ཀྱི་དབང་གིས་ཡིན་མིན་ཅི་ཆ།     ཁོའི་རླངས་འཁོར་གྱིས་ངའི་རླངས་འཁོར་ལ་གཙུབས་ཏེ།   ཟུར་དུ་བསྡད་ཡོད་པའི་ངའི་ཁ་ལོ་བའི་དགེ་རྒན་ལ་རྨས་སྐྱོན་ཆེན་པོ་བཟོས་ཤིང་རྐང་པ་གཉིས་ག་བཅགས་སོང་།    ཨ་ཁ་ཁ།   རླངས་འཁོར་གཏོང་ན་རང་གཅིག་པུས་སེམས་ཆུང་བྱས་པས་མི་ཆོག་པར།     ཕ་རོལ་པོས་ཀྱང་སེམས་ཆུང་བྱ་དགོས་པ་ནི་གནད་ཅིག་རེད་ལ།     ཁ་ལོ་བ་ཀུན་པོས་མཉམ་འཇོག་དགོས་པ་ཞིག་ཀྱང་རེད་ཨང་།

རྒན་བཀྲ་ཤིས་ལགས་ཀྱིས“ཨ་ཡོ་ཡོ།  ཨ་མ་མ།  ཨ་ཚ་ཚ”ཞེས་པའི་དངངས་སྐད་གང་མང་བསྒྲགས་མཐར།    ཁོས་སྐད་ཀྱི་གདངས་ཧ་ཅང་རིང་བའི་སྒོ་ནས“ཨ་མའི་བུ་ལ་ལྷོད་ཅིག་དགོས་ཡ”ཟེར་ཞིང་།    དེ་ནས་ཡང“འདྲེ་ཡིས་འདེད་ཀྱིན་ཡོད་པ་ལྟར་རྒྱུག་ན་མི་འོས”ཟེར།      ཅིས་མ་བདེན།     ང་རང་ལོ་ན་དྲུག་བཅུར་སོན་ཡང་རླངས་འཁོར་བསྐོར་དུས་ཀྱི་ལྷོད་ཤ་དེ་གཞོན་དུས་དང་ཨ་ན་མ་ན་ཡིན་དོན་ནི།  དགེ་རྒན་བཀྲ་ཤིས་ཀྱི་སྐད་ཆ་འདི་ཁོ་ནས་མ་ཡིན་པར།  དུས་ནམ་ཡང་ལམ་གྱི་བདེ་འཇགས་ཨང་དང་པོར་བཞག་པས་ལོས་ཡིན།

དངོས་གནས་ཨ་མའི་བུ་ལ་ལྷོད་ཅིག་དགོས་ཨང་།

གྱེར་ཀློག་པ། རྟ་མགྲིན་སྐྱབས། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

 རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།  

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ། 

དོ་དམ་པ། བསོད་ནམས་དོན་འགྲུབ།  

ལྟ་སྐུལ་པ། ཕྱུག་ལོ། 

 སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།