

ཁ་བ་ན་རོ། [མཚོ་ལྷོ། ]
ད་ལོའི་དབྱར་དྲུག་པའི་ཉིན་ཞིག་གི་ཕྱི་དྲོར། ལས་བསམ་སར་མ་སོང་གསེག་སར་སོང་ཟེར་བའི་དཔེ་ལྟར། ངའི་ཕ་དྲིན་ཆེན་པོ་ཉི་ནུབ་དང་ལྷན་དུ་འཁོར་བགེགས་བྱུང་ནས་འཆི་བདག་གི་དྲུང་དུ་བསྐྱལ་ཏེ་ཉི་རྩེ་དང་བསྡོངས་ནས་འཆར་མ་ཐུབ་པས། གཉེན་ཉེ་ཚོའི་མིག་ཆུ་ཁྲོམ་ཁྲོམ་གྱིས་དབྱར་དྲུག་པའི་ཚ་བ་འཇོམས་ནས་ཁོར་ཡུག་ཀུན་འཁྱག་སིབ་སིབ་ཏུ་གྱུར་སོང་།
ཕ་ཡུལ་བྲག་དཀར་གྱི་དབུ་རྩེར་ཁ་བ་ཆགས་ཤིང་སྐེད་པར་སྨུག་པ་འཐིབས་ནས། ཆར་བ་ཟམ་ཟིམ་འབབ་པའི་ཉིན་དེའི་ཞོགས་པར། ཨ་ཕ་དང་ངེད་གཉིས་དོན་དག་ཙག་ཙིག་ཅིག་གི་ཆེད་དུ་ཕ་ཡུལ་ནས་ཁྲི་ཀ་ལ་སོང་བ་ཡིན། ལམ་བར་དུ་ཁ་བརྡ་གང་མང་བཤད་ནས་སོང་བ་ཡིན་མོད། དེ་ནི་ངེད་ཕ་བུ་གཉིས་ཀྱི་ཆེས་མཐའ་མཇུག་གི་ཁ་བརྡ་ཡིན་པ་སུ་ཡིས་རྟོགས། དོན་དག་དག་རེ་ཞིག་འགྲུབ་ཚར་རྗེས་ཨ་ཕས་ང་ལ“ཁྱོད་སྡོད་ལ་རླངས་འཁོར་ལགས་རྟགས་ལེན་པའི་མིང་ཐོ་ཁོད། ང་ཕྱིར་ཡུལ་ལ་འགྲོ་རྒྱུ་ཡིན”ཟེར་བཞིན་ཕ་ཡུལ་གྱི་ཕྱོགས་སུ་ཆས་སོང་། ཏག་ཏག་ཕ་དྲིན་ཆེན་པོ་ཕྱིར་ཕ་ཡུལ་གྱི་ལམ་ལ་ཆས་ནས་སྐར་མ་དྲུག་བདུན་ཙམ་འགོར་མིན་གྱི་མཚམས་སུ་ངའི་སྐད་འཕྲིན་དུ་སྐར་ཆ་བཅུ་གཉིས་ཅན་གྱི་སྐད་ཅིག་བསྐུར་བྱུང་། སྐད་དེར་ཉན་པ་ན། གླུ་དབྱངས་ཤིག་གི་དབྱངས་རྟ་དང་མཉམ་དུ“ང་ཡུལ་ལ་འགྲོ་བཞིན་ཡོད། ད་ཤུ་རེ་བྱོས”ཟེར། ངས་ཀྱང་ཕྱིར་འོ་ཡ་ཡ་ཞེས་པའི་ལན་བྱིན། དེ་ལྟར་ཕ་དྲིན་ཆེན་པོ་ལམ་ལ་ཆས་ནས་སྐར་མ་སུམ་ཅུ་ཡས་མས་ཙམ་འགོར་རྗེས། ངའི་ཨ་ཁུ་གཅོད་པས་གློ་བུར་དུ་ཁ་པར་སླེབས་བྱུང་། ངས་ཁ་པར་ཁ་ཕྱེས་མ་ཐག་ཏུ་ཁོས་དབུགས་འཚང་འཚང་ངང“ཨ་ཕ། ཨ་ཕ། ཁྱོད་ཀྱི་ཨ་ཕར… རླངས་འཁོར་གྱི་དོན་རྐྱེན་བྱུང་འདུག རེམ་མར་སྨན་ཁང་སྒོ་ཁར་སོང”ཟེར། བར་སྐབས་དེར། ངའི་སེམས་པ་འཁྱག་སིབ་སིབ་དང་སྟོང་ལྷང་ལྷང་ཞིག་ཏུ་གྱུར་ཏེ་ཕྱིར་ལན་ཅི་ཞིག་བཏབ་པའང་དྲན་རྒྱུ་མི་འདུག མྱུར་དུ་གླ་གཏོང་སྔོན་པོ་ཞིག་ལ་བསྡད་དེ་སྨན་ཁང་སྒོ་ཁར་རྒྱུག་པ་ན། དུས་ཡུན་རིང་བོ་མ་འགོར་བར་མྱུར་སྐྱོབ་རླངས་འཁོར་མ་མཐོང་ཡང་དུང་བརྡ་སྙིང་ལ་གཟན་པ་དེ་ཐོས་བྱུང་བས། སེམས་ལ་དངངས་སྐྲག་ཆེན་པོ་ཞིག་སྐྱེས་ཤིང་འཁུན་སྒྲ་མེད་པའི་མིག་ཆུ་རེ་རེ་རང་དབང་མེད་པར་ལྷུང་སོང་། ཕ་དྲིན་ཆེན་པོ་རླངས་འཁོར་ལས་བླངས་མ་ཐག་ཏུ་ངས་ཁོའི་ལག་པར་འཇུས་ནས། ཨ་ཕ། ཨ་ཕ།…ཞེས་ངུ་ངག་འདྲེས་མ་ཞིག་གི་སྒོ་ནས་ལན་འགར་བོས་ཀྱང་ཨ་ལན་ཞིག་གཏན་ནས་གོ་མ་ཐུབ། སྨན་པ་ཚོས་ཀྱང་ང་མྱུར་སྐྱོབ་ཁང་ལས་སྒོར་འགྲོ་རུ་བཅུག་སྟེ་མྱུར་སྐྱོབ་འཐད་ཡིག་སྟེང་མིང་རྟགས་བཀོད་དུ་བཅུག ནམ་རྒྱུན་ཡིན་ན་ངའི་མིང་ཡིག་བཞི་བོ་དེ་ཅུང་ཙམ་ལས་མི་འགོར་ནའང་ད་ཐེངས་བྲིས་ཚར་རྒྱུ་ཞིག་མི་འདུག་སྙམ། དེ་ལྟར་མྱུར་སྐྱོབ་བྱས་ནས་སྐར་མ་སོ་བཞི་ཙམ་འགོར་རྗེས། སྨན་པ་ཞིག་སྒོར་ཡོང་ནས་རྒྱ་སྐད་ཀྱིས“ནད་པའི་དབུགས་ཆད་འདུག མྱུར་སྐྱོབ་བྱེད་མ་ཐུབ”ཅེས་བཤད་བྱུང་། གཉེན་ཉེ་ཚོས་གཅིག་གིས་གཅིག་གི་ངོར་ལྟ་བཞིན་ཅི་ཟེར་ཅི་ཟེར་ཞེས་ཕན་ཚུན་ལ་འདྲི་བཞིན་འདུག ང་རང་འགྱོད་གདུང་དང་བློ་ཕམ་གང་རུང་ཞིག་སྐྱེས་ནས་མིག་ཆུ་ཁྲོམ་ཁྲོམ་ངང་མྱུར་དུ་ཨ་ཕའི་གམ་ལ་བརྒྱུགས་པ་ན། གཉེན་ཉེ་ཚོའང་བསམ་དབང་ཅི་ཡང་མེད་པར་ངའི་རྗེས་སུ་མཐུད་བྱུང་། དེ་ལྟར་ངའི་ཕ་དྲིན་ཆེན་པོ་དགུང་ལོ་ཞེ་དྲུག་སྟེང་འཇིག་རྟེན་མི་ཡུལ་དང་ངེད་མ་བུ་གསུམ་ལས་བྲལ་སོང་།
རྗེས་སུ། འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་ཉིན་དེའི་འགྲིམ་འགྲུལ་དོན་རྐྱེན་གྱི་ཡུལ་དངོས་བརྒྱུད་དེ་བརྟག་དཔྱད་བྱས་པ་ལྟར་ན། ཁྲི་ཀ་ནས་ཕ་ཡུལ་དུ་བསྐྱོད་པའི་ལམ་གྱི་བཞི་མདོ་ཞིག་ཏུ། ཨ་ཕའི་རླངས་འཁོར་དང་རླངས་འཁོར་གཞན་ཞིག་གིས་སོ་སོའི་རླངས་འཁོར་གྱི་ཁ་ལོ་མ་ཐུབ་པར་གདོང་ཐུག་བརྒྱབ་འདུག་ཅིང་། མ་གཞི་ཨ་ཕའི་རླངས་འཁོར་གྱི་མྱུར་ཚད་ཚད་བཀག་འགྲོས་ཚད་ལས་བརྒལ་ཡོད་པར་མ་ཟད། ད་དུང་བདེ་འཇགས་སྐྱོབ་ཐག་ཀྱང་བཅིངས་མེད་པས། ཚེ་སྲོག་གི་ཆག་སྒོ་དེ་མགོ་ཐོག་ཏུ་ལྷུང་སྟེ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་གསོན་པོ་ཞིག་ང་ཚོའི་ཡིད་སེམས་སུ་ལྗིད་ཏིག་གེར་བཞག་ནས་བུད་སོང་།
ལྷུག་རྩོམ་འདི་བྲིས་ནས་མཚམས་འདིར་སླེབས་རྗེས། ངའི་སེམས་ལ་ཡང་བསྐྱར་འགྲིམ་འགྲུལ་དོན་རྐྱེན་དེ་གློག་བརྙན་བཞིན་ཤར་ནས་མིག་ཆུའི་ཐིགས་པ་རེ་རེ་ཁ་པར་ཤེལ་ངོས་སུ་གཅིག་རྗེས་གཉིས་མཐུད་ངང་བབས་བྱུང་། སྤྱིར་ན་ཚེ་སྲོག་ནི་རླུང་ཁའི་མར་མེ་དང་འདྲ་བས་ད་ནི་ཡོད་ཚད་འཕྱིས་ཟིན་མོད། ང་ཚོས་ནམ་ཡང་རང་གི་ཚེ་སྲོག་ལ་སྲུང་སྐྱོབ་དང་མི་ཚེ་ལ་བདེ་སྐྱིད་བསྐྲུན་ཨེ་ཐུབ་འབད་དགོས་པ་ཡིན་ན། འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱ་རྒྱུ་ནི་མི་རེ་རེའི་འོས་འགན་དུ་གྱུར་ཡོད་ཅིང་། ང་ཚོ་མི་རེ་རེའི་ཚེ་སྲོག་ནི་ཁྱིམ་ཚང་དང་ནང་མི། སྤུན་ཟླ་དང་གཉེན་ཉེ་དག་གི་བདེ་སྐྱིད་ཡིན་པས་བདེ་འཇགས་ནི་བདེ་སྐྱིད་དང་བདེ་སྐྱིད་ནི་བདེ་འཇགས་ཡིན་པའི་ངེས་ཤེས་ཅིས་ཀྱང་ཡོད་དགོས་པ་མིན་ནམ།
༢༠༢༤.༠༧.༢༣ཉིན་འགྲིམ་འགྲུལ་དོན་རྐྱེན་ལས་དྲིན་ཆེན་ཕ་ལོ་འདས་རྗེས་བྲིས་སོ།
གྱེར་ཀློག་པ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
