

དུང་ཟིན་རྒྱལ། [མཚོ་བྱང་། ]
མིའི་རིགས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཞེས་པའི་རང་སྲུང་དང་རང་གཅུན་གྱི་འདུ་ཤེས་ཤིག་ཁ་ནས་གླེང་ཞིང་སེམས་ལ་ཉར་བཞིན་ལོ་ཟླ་མང་པོ་འདས་སོང་མོད། ཉེན་བརྡ་དང་ཉེན་སྐུལ་གྱི་ཁྲོད་དུ་འགྲུལ་བཞུད་པ་ཁ་ཤས་ཤིག་གི་སྐབས་བསྟུན་གྱི་སེམས་ཁམས་སྔར་བཞིན་རྒྱ་ཡན་དུ་འཆོར་བཞིན་ཡོད་ལ། དེས་སྐྱེད་པའི་འགྲིམ་འགྲུལ་དོན་རྐྱེན་གྱི་སྐྱི་གཡའ་བའི་བརྙན་ཐུང་རེ་རེའང་དྲ་ལམ་དུ་རླུང་རྟ་བསྐྱོད་པ་བཞིན་བཀང་འོངས་པའི་བར་སྐབས་འདིར། ང་ཚོའི་ཡིད་ལ་ཅིས་ཀྱང་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་འཇོག་ནན་མོ་བྱ་དགོས་པའི་ངེས་ཤེས་མང་དུ་སྐྱེས་སྲིད། དེ་དང་ལྷན་ཅིག་ཚེ་སྲོག་གི་ཆག་སྒོ་རེ་རེར་བྱམས་སེམས་ཀྱི་ལག་ཟུང་སྐྱོངས་པའི་མི་བུ་རླབས་ཆེན་དག་གི་དངོས་བྱུང་གཏམ་རྒྱུད་ཀྱང་མང་དུ་ཡོད་དོ། །
གཏམ་རྒྱུད་འདིའི་མི་སྣ་གཙོ་བོའམ་གྲོགས་པོ་སྐལ་བཟང་ཉི་མ་ལགས་ད་ལོའི“ཀྲུང་གོའི་མི་སྣ་ཡ་རབས་ཅན"ལ་འདེམས་སོང་བའི་གཏམ་བཟང་དེ་སྐད་འཕྲིན་གྱི་ཚོམས་ནས་མཐོང་དུས། ངས་ད་དུང་གཞུང་སྒྲུབ་ཁང་དུ་ལས་སྣོན་བྱས་བསྡད་ཡོད། དྲ་མིག་ཕྱི་རོལ་གྱི་གློག་སྒྲོན་དེ་དག་གིས་སྨག་ནག་པའི་མུན་པ་ཡོངས་སུ་བཅོམས་ཏེ་མི་སེམས་ཀྱི་གཏིང་རུམ་ན་འཚེར་བཞིན་པའི་སྒྲོན་མེ་ཇི་བཞིན་ཕ་རོལ་པའི་མདུན་ལྗོངས་ལ་འོད་སྣང་བསྩོལ་བར་མཆིས།
དེ་ཡང་། གྲང་འཁྱགས་ཀྱི་རྔམ་ཁ་མཐུག་པའི་དགུན་གཞུང་ཞིག་ལ། སྐལ་བཟང་ཉི་མ་བཟའ་མི་གང་བོ་གཞུང་ལམ108བརྒྱུད་དེ་མཚོ་ངོས་ལས་རྨིད་བཞི་སྟོང་ལྷག་གི་ཨ་ཆེན་གངས་རྒྱུད་འགྲིམས་དུས་སུ། གཞུང་ལམ་སྟེང་གི་ཁ་བ་མཐུག་པོས་རླངས་འཁོར་དལ་བུར་མ་གཏོགས་འགྲོ་མི་ཐུབ་པར་འདུག གློ་བུར་དུ་མདུན་གྱི་ལམ་དཀྱིལ་དུ་རླངས་འཁོར་གྱི་འཁོར་ལོ་ཤུད་པའི་རྗེས་ཤུལ་ནག་ཤུར་རེར་འཐེན་ཡོད་པ་མཐོང་ཞིང་། རྗེས་ཤུལ་དེད་ནས་ཅུང་ཙམ་སོང་བ་ན་གཞུང་ལམ་མདུན་ཐད་ཀྱི་གྲོག་རོང་ཞིག་ཏུ་རླངས་འཁོར་ཞིག་ཁ་སྦུབས་སུ་འགྱེལ་ནས་ཡོད་པ་མཐོང་། མ་གཞི་རླངས་འཁོར་དེ་ནི་མགྱོགས་ཚད་མྱུར་བའི་དབང་གིས་འཁོར་འགག་གིས་མ་བཟུང་བའམ། ཡང་ན། ཁ་བའི་སྟེང་ཤུད་ནས་ཁ་ལོ་མ་ཐུབ་པར་གྲོག་རོང་དུ་ལྡིང་བ་ཡིན་འདུག དངུལ་མདོག་གི་ཁ་བས་མིག་གི་མཐོང་སྣེ་ཡོད་ཚད་བཏུམས་ཡོད་པའི་ཨ་ཆེན་གངས་རྒྱུད་ཀྱི་མུ་མེད་ཐང་སྟོང་དེ་རུ། སྐལ་བཟང་ཉི་མས་མྱུར་དུ་རླངས་འཁོར་ལམ་འགྲམ་དུ་བསྡད་དེ་ཕ་རོལ་པོའི་ཚེ་སྲོག་སྐྱོབ་པའི་སྤྱོད་བཟང་གི་ལམ་ཁ་གདམས། གྲོག་རོང་དེ་ཧ་ཅང་གཟར་བས་སྐལ་བཟང་ཉི་མ་གོག་མ་ནུར་གྱིས་དོན་རྐྱེན་བྱུང་བའི་རླངས་འཁོར་དེའི་གམ་དུ་བཏུད་ཅིང་གས་ཆག་ཤོར་བའི་དྲ་མིག་ལས་ལྟ་དུས། རླངས་འཁོར་ནང་དུ་ལུས་ཡོངས་ཁྲག་གིས་བརྫིས་ཤིང་ཤ་ཉོག་རུས་ཉོག་ཏུ་བཏང་ཡོད་པའི་མི་གསུམ་འདུག་པ་ལས་མི་གཉིས་ཀྱི་དྲན་པ་ཐོར་འདུག མི་གཅིག་གིས་ངག་ལྡབ་ལྡིབ་ཀྱིས“སྲོག་སྐྱོབས་རོགས"ཟེར། འདི་ནས་ཤར་ཕྱོགས་སུ་སྤྱི་ལེ་བདུན་བརྒྱའི་མཚམས་དང་ནུབ་ཕྱོགས་སུ་སྤྱི་ལེ་སྟོང་ལྷག་གི་མཚམས་སུ་ད་གཟོད་སྨན་ཁང་ཡོད་པ་དང་། གནས་འདིར་ཁ་པར་གྱི་བརྡ་རྟགས་ཀྱང་མེད་པས་མྱུར་སྐྱོབས་རླངས་འཁོར་ཞིག་ཀྱང་འབོད་དཀའ་བའི་གནས་ཚུལ་འོག་ཏུ། སྐལ་བཟང་ཉི་མས་དགུང་གྲངས་བདུན་ཅུར་ལོན་པའི་ཕ་རྒན་དང་ལོ་གཉིས་ལ་སོན་ཙམ་གྱི་གཅེས་ཕྲུག་གཉིས་ཕུ་བོ་དང་ཆུང་མའི་གམ་དུ་བསྐྱུར་ཞིང་མྱུར་བ་མྱུར་བར་རྨས་མ་དག་རང་གི་རླངས་འཁོར་དུ་བཞག་སྟེ། ན་གོར་མོའི་ཕྱོགས་སུ་མདའ་འཕངས་པ་ལྟར་རྒྱུགས། ཤི་གསོན་གྱི་རྩོད་ལེན་སྐར་ཆ་རེ་རེ་ནས་བསགས་ཏེ་སྤྱི་ལེ་ཉིས་བརྒྱའི་མཚམས་སུ་ད་གཟོད་ན་གོར་མོའི་སྨན་ཁང་དང་འབྲེལ་གཏུག་བྱེད་ཐུབ་སོང་ལ། ཁྱོན་བསྡོམས་ཆུ་ཚོད་ལྔ་ལྷག་ལ་རྒྱུགས་པའི་ལམ་སྐེད་དུ་ད་གཟོད་སྣེ་ལེན་གྱི་མྱུར་སྐྱོབ་རླངས་འཁོར་དང་འཕྲད་བྱུང་།
“ས་རུབ་ལ་ཉེ། ཁ་ཕྱིར་འཁོར་ནས་རྒྱུགས་དུས། ད་གཟོད་མུ་མེད་ཐང་ན་ལུས་ཡོད་པའི་ཁྱིམ་མི་དག་ལ་སེམས་ཁུར་བྱེད་དགོས་བྱུང་། " སྐལ་བཟང་ཉི་མས་བརྙན་ལམ་དུ་དེ་ལྟར་བཤད། སྐད་ཆ་དེའི་ཕུགས་སུ་བདག་མེད་གཞན་གཅེས་ཀྱི་སྐྱེས་བུ་ཞིག་གི་ལྷག་བསམ་དང་རང་གཤིས་མངོན་ཡོང་། ལས་བཟང་པོ་བསྒྲུབས་ན་འབྲས་བུ་བཟང་པོ་སྨིན་ཞེས་པའི་དཔེ་བཞིན། སྐལ་བཟང་ཉི་མ་ཚང་གི་བཟའ་མི་གང་བོའང་རླངས་འཁོར་ཡར་འགྲོ་ཞིག་ལ་སྟབས་ཀ་འགྲིག་སྟེ། ཨ་མདོ་རྫོང་གི་ཐག་ཉེར་སླེབས་དུས་ཁ་པར་ལའང་བརྡ་རྟགས་འདུག ཁོ་ཚོས་ཕན་ཚུན་ལ་ཁ་པར་འཕྲོད་ཅིང་ཕར་ཚུར་གཉིས་ཀ་བདེ་འཇགས་ཡིན་པའི་སྐད་ཆ་ཐོས་རྗེས། སྐལ་བཟང་ཉི་མའི་མིག་ཆུའང་དབང་མེད་དུ་ཤོར་སོང་། མ་གཞི་འགྲིམ་འགྲུལ་དོན་རྐྱེན་ཞིག་གིས་ལམ་གྱི་བདེ་འཇགས་དང་ཚེ་སྲོག་གི་རིན་ཐང་རྟོགས་པས་ཡིན་ལ། འགྲིམ་འགྲུལ་དོན་རྐྱེན་ཞིག་གིས་སེམས་ཀྱི་འཁྲི་ཤིང་དང་ཞེན་ཆགས་ཚོར་བས་ཀྱང་ལོས་ཡིན།
རེད་ཡ། གཏམ་རྒྱུད་བཤད་དེ་མཚམས་འདིར་སླེབས་དུས་ཀློག་པ་པོ་རྣམས་ལའང“འགྲིམ་འགྲུལ་བདེ་འཇགས”ཞེས་པར་གོ་བ་ལེན་སྟངས་གཞན་ཞིག་ཡོད་པའི་ངེས་འབྱུང་རབ་རིབ་ཅིག་སྐྱེས་སྲིད། འདི་ནི་རང་བཞིན་གྱི་གཏམ་རྒྱུད་ཙམ་མ་ཡིན་པར། ཚེ་སྲོག་གི་དོན་སྙིང་དང་མི་གཤིས་ཀྱི་ཀུན་སྤྱོད་ལ་བརྒྱུས་པའི་དཔེ་བཟང་གི་གདམས་ག་ཞིག་སྟེ། ནམ་ཡང་ལམ་ལ་ཆས་དགོས་པའི་ང་ཚོས་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་བ་ཙམ་གྱིས་མི་ཆོག་པར། འདི་ལྟར་མི་སེམས་ཀྱི་དྲོད་ཁོལ་དང་ངང་རྒྱུད་བཟང་པོའང་རྒྱུན་འཁྱོངས་བྱ་དགོས་སོ།
གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
