བགྲོད་ལམ་དཀར་པོ།༼བསྡུས་རྩོམ།༽
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 2

ཨ་ནུ་དད་ཞེན།  མཚོ་ལྷོ། 

       མི་ཚེ་འདིར་ང་ཚོས་ལམ་ཁ་མང་པོ་ཞིག་ལ་གདམ་ཀ་བྱེད་དགོས་ཤིང་། ལམ་ཁ་དེ་དག་གི་ཁྲོད་ནས་ད་གཟོད་འཚོ་བའི་རེས་སྐྱིད་རེས་སྡུག་གི་ཚོར་བའང་གྲངས་ལས་འདས་པ་ཞིག་ཉམས་སུ་མྱོང་དགོས།  འོན་ཏེ།  ང་ཚོས་ཆེས་ཐོག་མར་གཟབ་ནན་ངང་ལྷོད་གཡེང་ཤོར་མི་རུང་བ་ནི་ལམ་གྱི་བདེ་འཇགས་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་དེ་རེད།  དེ་ནི་ང་ཚོའི་བགྲོད་ལམ་དཀར་པོ་ཉག་ཅིག་གོ།

  ཁ་བ་ཅུང་མཐུག་པའི་དགུན་ཁ་ཞིག་ལ། དཀར་བོང་བོང་གི་ཁ་བས་འཇིག་རྟེན་ཧྲིལ་བོ་ཡོངས་སུ་བཀླུབས་ཏེ་ལམ་གྱི་རླངས་འཁོར་དག་ཀྱང་བགྲོད་དཀའ་བའི་གནས་སུ་ལྷུང་སོང་།  ཡིན་ནའང་།  མི་ཁོམ་པའི་འཇིག་རྟེན་འདི་ནས་མི་ཁོམ་པའི་མི་རྣམས་ནི་ནམ་ཡང་མཚམས་ཚིགས་མེད་པར་ལམ་ལ་ཆས་དགོས་ཏེ།མི་ཚེ་འདིའི་འགྲུལ་བཞུད་ལ་རྫོགས་མཐའ་ཞིག་གང་ན་ཡོད།  འདི་ལྟ་བུའི་ནམ་ཟླ་ཞིག་གི་ནང་དུ་ངའང་ཡུལ་གྲོགས་ཞིག་གི་རླངས་འཁོར་ནང་བསྡད་དེ་འགྲུལ་བཞུད་ཀྱི་ལམ་དུ་ཆས་པ་ཡིན།   ལམ་དུ་ཁ་བ་ཅུང་མཐུག་པས་ཁ་ལོ་བ་དག་གིས་གཟབ་ནན་ངང་རླངས་འཁོར་གྱི་འགྲོས་དལ་མོར་བསྐྱོད་པའི་བཟོ་ལྟར་བལྟས་ཚེ།   གར་ཡོད་འདིར་ཡོད་མི་ཤེས་པའི་ལམ་གྱི་ཉེན་ཁ་ལྡོག་པའི་སེམས་དང་བསམ་པ་ནི་སྐྱེ་བོ་ཀུན་ལ་གཅིག་མཐུན་དུ་ཡོད་པ་ངང་གིས་རྟོགས་ཐུབ།   རླངས་འཁོར་གྱི་སྒེའུ་ཁུང་ལས་རབ་དཀར་ཁ་བས་བརྒྱན་པའི་རི་བོ་རེ་རེ་དང་ལམ་འགྲམ་གྱི་སྡོང་བོ་རེ་རེ་སྐད་ཅིག་ཙམ་ལའང་མི་བསྡོད་པར་རྒྱབ་ལོགས་སུ་ཡལ་བ་མཐོང་མུར།  ངའི་ཡིད་ལ་གློ་བུར་དུ་གནག་སྣུམ་གྱི་སྐྲ་ལོར་ཁ་བ་བབས་པ་ལྟ་བུའི་ཕ་མ་ཟུང་གི་ཞལ་རས་དྲན་བྱུང་།  དྲན་པའི་མོད་ལ་ཡིད་སེམས་ཀྱང་དེ་མུར་ལྷོད་ལ་འབབ་མི་ཐུབ་པ་ལྟ་བུ།   གར་འོང་འདིར་འོང་མི་ཤེས་པའི་སེམས་ཚེགས་དང་བྲེལ་འཚུབ།   བློ་མི་བདེ་བ་དང་ཡིད་མི་བརྟན་པ་ལྟ་བུ་ཞིག་ཏུ་གྱུར་སོང་།    དེ་བས།  ངས་ཡུལ་གྲོགས་དེར་རླངས་འཁོར་གྱི་འགྲོས་ཇེ་དལ་དུ་གཏོང་དགོས་རབས་བཤད་པ་ཡིན།    ལ་ལུང་མང་པོ་བརྒྱུད་དེ་ནམ་མཁའ་དང་ས་གཞི་ཡུག་གཅིག་ཏུ་འདྲེས་པ་ལྟ་བུའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ཏུ་འབྱོར་དུས།  ལམ་ངོས་སྔར་བཞིན་ལ་ཁ་བས་བཀླུབས་ཏེ་དཀར་བོང་བོང་གི་འཇིག་རྟེན་འདིར་ནག་ནོག་གི་དྲི་མ་ཅི་ཡང་མ་གོས་པ་ལྟར་འགྲུལ་བཞུད་པ་དག་གི་སེམས་འདུན་དང་ཡུག་གཅིག་ཏུ་འདྲེས་ཤིང་མུ་ནས་མུ་རུ་དཀར་པོ་དཀར་རྐྱང་དུ་གྲུབ་འདུག    ང་ནི་ལམ་གྱི་མཛེས་པར་གཡེང་བསྡོད་པའི་སྐབས་ཤིག་ལ།  གློ་བུར་དུ་ཁ་ལོ་བས་རླངས་འཁོར་གྱི་སྒག་ཟྭ་གནོན་པའི་སྒྲ་ཞིག་དང་ལྷན་དུ།     ངའི་གམ་གྱི་གྲོགས་པོ་ཞིག་གི་ངག་ནསགནམ་རྒན་མཞེས་པའི་སྐད་ངན་ཞིག་ཀྱང་ཤོར་སོང་།   དེ་མུར་ཤི་གསོན་གྱི་བཞི་མདོར་སླེབས་སོང་སྙམ་པའི་སྐྲག་འཇིགས་ཤིག་གིས་ངའི་ཀླད་པའི་ནང་ནག་འཐོབ་བེར་དྲན་རྒྱུ་ཅི་ཡང་མ་བྱུང་མོད།   མ་གཞི་རླངས་འཁོར་ཁ་བའི་སྟེང་ཤུད་དེ་སྒག་ཟྭས་ནུས་པ་མ་ཐོན་པ་ཡིན་འདུག་ཅིང་།     སྟབས་ལེགས་པ་ཞིག་ལ་ང་ཚོའི་རླངས་འཁོར་གྱི་འགྲོས་དལ་བ་དང་སྔ་གཞུག་ཏུ་རླངས་འཁོར་གཞན་མེད་པས་དོན་རྐྱེན་ཆེན་པོ་བྱུང་མ་སོང་། 

ཚང་མས་ཤེས་གསལ་ལྟར།    དེང་གི་སྤྱི་ཚོགས་ནི་ལོ་ཟླའི་འགྲོས་དང་བསྡོངས་ཏེ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ང་ཚོའི་འགྲིམ་འགྲུལ་གྱི་བགྲོད་ལམ་ཡང་འཕེལ་རྒྱས་དང་སྟབས་བདེ་རུ་སོང་ཡོད།ཡིན་ནའང་། ཕྱོགས་དང་ཕྱོགས་མ་ངེས་པའི་ལམ་ཁ་རེ་རེར་ཉེན་ཁ་དང་ཆག་སྒོའང་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་ཡོད་དེ།འགྲིམ་འགྲུལ་བདེ་འཇགས་ནི་མི་ཚེ་འདིའི་བདེ་སྐྱིད་ལ་ཐད་ཀར་འབྲེལ་བ་ཡོད་པས།ང་ཚོས་དགྲ་མ་ཡོང་གོང་གི་དོགས་དང་ཆུ་མ་ཡོང་གོང་གི་རགས་ཟེར་བ་ནང་བཞིན།ཐོག་མ་ནས་དེ་ནི་ཡིད་གཟབ་དང་དོ་སྣང་བྱེད་དགོས་སའི་དོན་གལ་ཆེན་ནང་གི་འགངས་ཆེན་ཞིག་ཅི་ལ་མིན་ཨང་།

གྲོགས་པོ་ལགས། ཉེན་ཁ་ནི་སྐད་ཅིག་མའི་འབར་རྫས་ཞིག་དང་འདྲ་བར།  ལམ་སྣ་ཅི་དང་ལམ་སྣེ་གང་དུ་ཡོད་མེད་ཆ་མི་འཚལ་བས།  ཁྱེད་ཀྱིས་ལམ་གྱི་རིང་ཐུང་གང་ལའང་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་དང་འགྲིམ་འགྲུལ་སྒྲིག་སྲུང་ལ་བརྩི་སྲུང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བོ་ཞིག་ཡིན་པ་སེམས་ལ་འཛིན་རོགས།  དེ་ནི་ཁྱེད་གཅིག་པུའི་ཚེ་སྲོག་གི་ཆེད་དུ་མ་ཡིན་པར།   རང་གཞན་ཀུན་གྱི་རྟག་བརྟན་གྱི་མི་ཚེ་དང་བདེ་སྐྱིད་ཀྱི་འཚོ་བར་ཡིད་དུ་འོང་བའི་ཁ་དོག་ཅིག་བསྒོ་ཕྱིར་ཀྱང་ངོ་། །

གྱེར་ཀློག་པ། གནམ་སྐྱབས་རྒྱལ། 

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།