སྡུག་བསྔལ་གྱི་འདམ་དུ་ནུབ་སོང་།༼བསྡུས་རྩོམ།༽
ཁུངས། ཀློག་གྲངས། 10

གཅོད་པ་ཐར། (མཚོ་ལྷོ།)

འཇིག་རྟེན་པ་ཕལ་མོ་ཆེ་དག་ལ་མཚོན་ན།   བདེ་བ་བདེ་བར་གོ་མི་ཤེས་ཤིང་སྡུག་བསྔལ་སྡུག་བསྔལ་དུ་བསྒྲུབ་མི་ཤེས་པའི་སྟབས་ཀྱིས།  མགོ་ལ་བབ་པའི་སྡུག་བསྔལ་ལ་གདོང་ལེན་མ་ཐུབ་པར་ཞེ་སྨྲེང་སྟེ་འགྱོད་གདུང་དང་ཡིད་ཆད་ཀྱི་དུག་མ་ལུས་ནང་སེམས་ཀྱི་སྙི་ས་རུ་སྦྱར་ཏེ།  རང་ཉིད་སྡུག་བསྔལ་གྱི་འདམ་དུ་དུས་ངེས་མེད་ལ་ནུབ་པར་བྱེད།  དེ་ཡི་དབང་ངམ་གང་ལྟར་མི་ཕལ་མོ་ཆེ་དག་གིས་འཇིག་རྟེན་འདི་ནི་ནམ་ཞར་བདེ་སྡུག་རྐྱ་འཐབ་པའི་གྲུ་ཁ་ཆུང་ཆུང་ཞིག་ཏུ་ངོས་འཛིན་གྱིན་ཡོད་ཅིང་།  མི་རྟག་པའི་འཇབ་རྒོལ་ལ་བྱ་ར་མེད་པའི་མི་རྣམས་ལ་མཚོན་ན།  རྟག་པར་སྡུག་བསྔལ་གྱི་མིག་ཆུ་གཏོང་བར་སྟ་གོན་བྱ་རྒྱུ་ནི་ཁོ་ཚོའི་ལས་དབང་གི་ས་ཚུགས་སུ་བཏང་བའི་ལན་མེད་པའི་འདྲི་རྟགས་བཟློག་མེད་དེ་ཅི་ལ་མིན།

སྟོན་ཟླ་བརྒྱད་པ་འདི་དང་མི་རིང་བའི་ཡར་སྔོན་དུ། ང་དང་ཆེས་ཐག་ཉེ་བའི་གྲོགས་པོ་ཞིག་གིས་གནས་སྐབས་ཀྱི་ལྟད་མོ་ཙམ་ལ་བློ་སེམས་ཐལ་དྲགས་ཏུ་གཞོལ་རྐྱེན། བུ་ཆུང་དང་སྲིང་མོ། ད་དུང་ཚ་མོ་སོགས་དྲུད་པའི་སྒེར་བའི་རླངས་འཁོར་དེ་གཞུང་ལམ་སྟེང་དུ་བྱ་འཕུར་བ་བཞིན་བསྐྱོད་བཞིན་ཡོད།      ཁོས་དུས་ཚོད་ཀྱི་སྔ་གཞུག་ལ་རྩོད་ལེན་བྱེད་ཆེད་འགྲིམ་འགྲུལ་སྒྲིག་ལམ་ལ་སྣང་དོགས་མ་བྱས་པར་གྲལ་སྒྲིག་པའི་རླངས་འཁོར་མང་པོའི་ཁྲོད་དུ་གློ་བུར་མགྱོགས་བརྒལ་བྱས་ཏེ་མཐོང་ལམ་བཀག་པའི་འབུར་ཁ་ཞིག་ཏུ་སླེབས་པ་ན།  ཟོག་འདྲུད་རླངས་འཁོར་ཞིག་ཀྱང་གློ་བུར་ཡར་བུད་པ་དང་འཕྲད་སྟབས།  རླངས་འཁོར་གཉིས་ཕན་ཚུན་གཡོལ་ཐབས་མེད་པར་གདོང་ཐུག་བརྒྱབ་ཅིང་།  ཟོག་འདྲུད་རླངས་འཁོར་དེས་ངའི་གྲོགས་པོའི་རླངས་འཁོར་ཆུང་བ་དེད་ནས་ལམ་གྱི་འགྲམ་སྐྱོར་ལ་སྦྱར་བས།   ཉེན་ཁར་གཞའ་ན་མི་ཁོག་པའི་དཔེ་བཞིན་ཁོའི་ནད་མེད་དུག་མེད་ཀྱི་བུ་ཆུང་དང་སྲིང་མོ་གཉིས་ཀྱི་ཚེ་སྲོག་དུས་ཐོག་ཏུ་རྨེག་མེད་བཏང་སོང་། ཁོའི་དྲན་པ་ཅུང་སོས་མ་ཐག་བཟོད་གླགས་མེད་པའི་སྐྲག་སྣང་དང་འགྱོད་གདུང་གིས་ཤི་གསོན་གྱི་སོ་ཁ་ན་ལུས་པའི་ཚ་མོ་སོགས་དོན་རྐྱེན་བྱུང་བའི་རླངས་འཁོར་ལས་ཕྱིར་ཨེ་ལོན་ལྟ་མོད།  ཡོད་ཚད་འཕྱིས་ཟིན་པའི་ལས་དབང་འདིའི་ཁ་གཏད་སུ་ཡིས་ནུས།  ཐ་མར།  གྲོགས་པོ་ཁོང་ནད་ཁྲིའི་སྟེང་གཟེབ་ལ་ལྷུང་བའི་བྱིའུ་ལྟར་མགོ་བོ་དུད་ཅིང་ཞེ་སེམས་སྨྲེང་ནས་རང་ཉིད་ཀྱི་སྙིང་ཁར་ལག་པས་རྡུང་གིན་བཅོས་མིན་གྱི་མཆི་མ་བྲང་ཁོག་སྟོད་ནས་གཏོར་དགོས་བྱུང་སོང་།

སྤྱིར་ན།  དེ་ནི་གློ་བུར་བའི་དོན་རྐྱེན་ཞིག་གམ་མི་རྟག་པའི་དཔུང་འཇུག་ཅིག་ཡིན་ཕྱིན། བདེ་བར་སྟ་གོན་དང་སྡུག་བསྔལ་ལ་གདོང་ལེན་མེད་པའི་འཇིག་རྟེན་པ་ཕལ་བ་ཞིག་ལ་མཚོན་ན་སུས་ཀྱང་བཟློག་ཐབས་མེད་པ་ཞིག་ཏུ་འདུག་མོད།  དོན་ལ་ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཉེན་ཁར་འཛེམ་སྟེ་བདེ་འཇགས་སྲུང་བ་ཡིན་ན།   སྐྱིད་སྡུག་གང་ཡང་རང་གི་ལག་ན་ཡོད་པ་དང་ཅིས་མི་འདྲ།  དེའི་ཕྱིར་ང་ཚོས་ནམ་ཡང་ཆེ་བ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ནས་ཆུང་བ་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་སོགས་པར་སློབ་སྦྱོང་དང་ལག་ལེན་གྱིས།  རང་ཉིད་ཀྱི་འཚོ་གནས་ཀྱི་བདེ་འཇགས་དང་འགྲིམ་འགྲུལ་གྱི་ཉེན་ཁ་སོགས་ལ་དུས་རབས་དང་མཐུན་པའི་ཉེན་གཡོལ་བྱ་ཐབས་ལེགས་པོར་སྤྱོད་དགོས་པ་ལས།  མགོ་རྨོངས་ཏེ་ལས་དབང་ཟེར་ནས་ཡོད་ཚད་རྩིས་མེད་དུ་བཏང་ན་དེ་ནི་རང་ཉིད་རང་གིས་གཅུན་པ་དང་གཉིས་སུ་མི་འདུག

གང་ལྟར།  ང་ཚོ་མི་རུ་སྐྱེས་པ་ནས་ཚེ་སྲོག་དང་ཚེ་སྲོག་གི་བར་ལ་བརྩི་བཀུར་བྱེད་ལུགས་དང་།  འཚོ་གནས་དང་འཚོ་གནས་ཀྱི་གཅིག་མཐུན་འབྲེལ་བར་སྲུང་སྐྱོང་བྱེད་སྟངས་ངེས་པར་ཤེས་དགོས།  དེ་ནས་བརྩམས་ཏེ་ད་གཟོད་ཚེ་སྲོག་གི་རིན་ཐང་གྲུབ་པ་ཡིན་ལ།  ཚེ་སྲོག་གི་རིན་ཐང་གིས་ད་གཟོད་ཆེ་ས་ནས་འཇིག་རྟེན་གྱི་གྲུབ་ཚུལ་དང་མ་འོངས་པའི་འགྱུར་མཚམས་ལ་སྔོན་དཔག་བྱེད་ཀྱིན་ཡོད་ཅིང་།  ཆུང་ས་ནས་བདེ་སྐྱིད་ཀྱི་སྙིང་བོ་དང་བརྩེ་དུང་གི་གསང་བ་སྔོག་གིན་ཡོད།   དེ་ནི་གཅིག་ནས་རང་ཉིད་ཀྱི་ཚེ་སྲོག་ལ་བདག་དམ་བྱེད་སྟངས་ཤིག་ཡིན་ཞིང་།  ཡང་ཕྱོགས་གཞན་ཞིག་ནས་ཕ་རོལ་པའི་ཚེ་སྲོག་ལ་འགན་འཁུར་སྟངས་ཡག་ཤོས་ཤིག་ཀྱང་ཡིན།  ཡང་གཅིག་བཤད་ན།   བསྒྲུབ་འདོད་པ་ཐམས་ཅད་མི་ནུས་ཀྱང་།  ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ནས་ལམ་ལོག་མགོ་རྨོངས་སུ་གྱུར་ཏེ། ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་རྣམ་པར་མི་ཕྱོགས་རྒྱུ་རང་ཅག་ཐུན་མོང་གི་དམིགས་འདུན་ཉག་ཅིག་ཡིན་པས། ཡིད་ལ་དམ་དུ་ཆོངས་ཤིག་ཅེས་རེ་སྐུལ་དང་སྨོན་ལམ་ཡང་ཡང་འདེབས་ཀྱིན་ཡོད།  །


གྱེར་ཀློག་པ། འཆི་མེད་སྒྲོལ་མ། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ། 

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།  

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ། 

དོ་དམ་པ། བསོད་ནམས་དོན་འགྲུབ།  

ལྟ་སྐུལ་པ། ཕྱུག་ལོ།  

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།