

ཙག་པ་བཀྲ་རྒྱམ། (མཚོ་ལྷོ།)
ས་སྒང་རིལ་མོ་འདིའི་སྟེང་གི་སྐྱེ་འགྲོ་མཐའ་དག་བདེ་སྐྱིད་ཀྱི་ཉི་གཞོན་ལ་སྨོན་ཞིང་བརྟན་བརླིང་གི་འཚོ་བ་ལ་དུང་བ་གཅིག་མཚུངས་ཡིན། དུས་རབས་ཉེར་གཅིག་པའི་རླབས་རྒྱུན་དང་བསྡོངས་ནས་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་འཕྲུལ་ཆས་སྣ་མང་དར་བར་བརྟེན། ལམ་རིང་ཐུང་གང་ལ་འགྲོ་ནའང་རླངས་འཁོར་དང་འཕྲུལ་རྟ་བསྐོར་ནས་འགྲོ་དགོས་ཤིང་། ལམ་ལ་ཆས་པ་ནས་བཟུང་རྒྱང་རིང་གི་དམིགས་འབེན་སེམས་སུ་བཅངས་ཏེ་སེམས་འདུན་གྱི་སྣེ་རུ་རེ་བ་དང་ཡིད་ཆེས་རུམ་གང་བསྣམས་ཡོད་པ་སྨྲོས་ཅི་དགོས། བར་སྐབས་འདིར་ཆེས་གལ་ཆེ་བ་ནི་འགྲུམ་འགྲུལ་བདེ་འཇགས་ཀྱི་སྒྲིག་སྲོལ་སྲོག་ལྟར་བསྲུང་རྒྱུ་དེའོ། ། དེ་ནི་ང་དང་ཁྱོད། ད་དུང་ཁོ་སྟེ། ང་ཚོ་ཚང་མའི་རིན་ཐང་གཞལ་དུ་མེད་པའི་ཚེ་སྲོག་གི་ཆེད་དུ་ཡིན་པས་སུས་ཀྱང་སྣང་མེད་དུ་འཇོག་ག་ལ་རུང་།
སྤྱི་ལོ་ཉིས་སྟོང་ཉེར་ལྔ་ལོའི་ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ནངས་མོའི་ཐོ་རེངས་ཀྱི་ཡོལ་བ་ཕྱེས་པ་དང་མཉམ་དུ། མི་ཁོམ་པའི་གནས་སུ་འཁོར་བའི་འདུ་འཛི་ལ་བྲེལ་བའི་ངའི་ཕུ་བོས་ཚོང་དོན་ཞིག་གི་ཆེད་དུ་རླངས་འཁོར་བསྐོར་ཏེ་སྤྱི་ལེ་བརྒྱ་ཡི་མཚམས་སུ་ཡོད་པའི་མགོ་མང་གྲོང་རྡལ་ལ་ཆས་སོང་། ཉིན་གུང་ཕྱིར་ཕ་ཡུལ་དུ་བྲེལ་འཚུབ་ངང་ལོག་སྐབས། ལམ་གྱི་ངལ་དུབ་ཀྱིས་གཉིད་ཅོག་ཅུང་ཙམ་བརྒྱབ་ཅིང་། རྐང་བས་སྣུམ་སྒོ་གནོན་ནོར་ཐེབས་ཏེ་མྱུར་ཚད་ཇེ་མགྱོགས་སུ་གྱུར་ནས་ལམ་འགྲམ་གྱི་གློག་སྡོང་ཞིག་ལ་གདོང་ཐུག་བརྒྱབ་སོང་། དྲན་པ་ཅུང་སངས་དུས་ཁོའི་རྣ་ལམ་དུ་གསལ་ལ་མི་གསལ་བའི་རླངས་འཁོར་གྱི་སྒྲ་ཞིག་གྲགས་ཀྱིན་འདུག དེ་མུར་ལག་བརྡ་ཞིག་བྱེད་བསམ་སྟེ་ཅུང་ཙམ་འགུལ་བར་བརྩམས་པ་ན་ལུས་ཡོངས་སྦྲིད་དེ་འགུལ་རྒྱུ་མི་འདུག མ་གཞི་རླངས་འཁོར་བཅོམ་ཆག་སྐྱ་ཉིལ་དུ་བཏང་འདུག་སྟེ། རླངས་འཁོར་གྱི་སྣ་མགོ་ནང་ལ་ལྟེབས་ཏེ་འདུག་སྟེགས་ཀྱི་བར་དུ་བཙིར་བའི་ཁོའི་ལུས་པོ་འགུལ་ཙམ་ཡང་བྱ་མི་ཐུག་པར་འདུག སྟབས་ལེགས་པ་ཞིག་ལ། ཁོས་སྐྱོབ་ཐག་བཅིངས་ཡོད་པའི་རྐྱེན་གྱིས་ལུས་པོ་རླངས་འཁོར་གྱི་ཕྱི་རོལ་དུ་མ་གཡུགས་པར་ཚེ་སྲོག་གི་ཆག་སྒོ་ཅི་ཡང་བྱུང་མི་འདུག
རྗེས་སུ། རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་བྱས་པ་བརྒྱུད་རྐང་པ་གཡས་པའི་རུས་པ་དང་བྲང་ཁའི་རྩིབས་མ་གཉིས་བཅག་ཡོད་པ་ལས་གནོད་པ་ཆེར་མེད་པ་ཤེས་རྗེས། ང་ཚོས་ཀྱང་སེམས་བདེ་རུ་ཕབ་ནས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་བསམ་བློ་གཏོང་དགོས་བྱུང་། མ་གཞི། ང་ཚོ་འཇིག་རྟེན་པ་ཞིག་ལ་མཚོན་ན་ཁྱིམ་ཚང་གི་འཚོ་ཚིས་ཀྱི་དོན་དུ་འགྲོ་རྒྱུག་ཧ་ཅང་མང་ཞིང་། འགྲོ་རྒྱུག་གང་ལའང་རླངས་འཁོར་ནི་མེད་དུ་མི་རུང་བ་ཞིག་རེད་མོད། ང་ཚོས་ཅིས་ཀྱང་ཁ་ལོ་བ་ཞིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་ཐོག་མ་སྟེ། འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་དང་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་དེ་ཤེས་དགོས་འདུག དོན་རྐྱེན་དེའི་རྗེས་སུ། ངའི་ཕུ་བོས་འབའ་རྫོང་གི་རྐང་རྗེན་སྨན་པ་ཞིག་གདན་དྲངས་ནས་རྐང་པའི་རུས་པར་ཆག་བཞག་སྟེ་གསོ་བཅོས་བྱས་པས། དཔལ་འབྱོར་གྱི་འགྲོ་གྲོན་ཉུང་ལ་རྒྱུ་ཚེགས་སེམས་ཚེགས་ཀྱི་གནས་ལས་བསྐྱབས་ཟིན་ནའང་། དུས་དེ་ནས་བཟུང་། ཕུ་བོ་ཁོ་ཟླ་བ་ཁ་ཤས་རིང་ཉལ་སར་ལྷུང་སྟེ་འགུལ་སྐྱོད་བྱེད་མ་ཐུབ་པར་ཉིན་མོར་ཟས་ཀྱི་ཡི་ག་ཆད་ཅིང་མཚན་མོར་གཉིད་མ་ཡོང་བར་རུས་པར་ན་ཟུག་ལངས་པ་མཐོང་ཐེངས་རེ་རེར། དྲིན་ཅན་ཕ་མ་དང་ལས་ཀྱི་ཆུང་མ། གཅེས་པའི་བུ་ཕྲུག བརྩེ་བའི་མིང་སྲིང་ཡོངས་སེམས་ཚེགས་ཀྱིས་མནར་ཞིང་མིག་ཆུ་ཤམ་ཤམ་དུ་བཞུར་བའི་ཚད་ལ་གཏུགས་སོང་བ་རེད།
དོན་རྐྱེན་འདིར་བསམ་གྱིན་བསམ་གྱིན། ངས་རླངས་འཁོར་ཁ་ལོ་བ་ཞིག་ལ་མཚོན་ནས་བཤད་ན། དོན་དག་ཅི་འདྲ་ཞིག་ཡོད་རུང་ངལ་དུབ་ངང་རླངས་འཁོར་བསྐོར་བ་ནི་ནོར་འཁྲུལ་ཅིག་ཡིན་པ་རྟོགས་བྱུང་སྟེ། གནའ་མི་བོད་ཀྱི་ཁ་དཔེར་ཡང་། ཨ་མའི་བུ་དལ་དགོས། རྒོད་མའི་བུ་བྲེལ་དགོས་ཟེར་བ་ནང་བཞིན། ང་ཚོ་ལས་དང་བྱ་བ་གང་ལ་འཇུག་དུས་སུའང་བྲེལ་འཚུབ་བྱ་མི་རུང་བར་མགོ་མཇུག་བར་གསུམ་ལ་བསམ་བློ་ཡག་པོ་གཏོང་དགོས་པར་འདུག ཚེ་སྲོག་གི་འགག་རྩར་ཐུག་པའི་འགྲིམ་འགྲུལ་བདེ་འཇགས་ཀྱང་དེ་ལྟར་རེད་ལ། དེ་ནི་གཙོ་བོའི་ནང་གི་གཙོ་བོ་དང་གལ་ཆེན་ནང་གི་དོན་ཆེན་ཡིན་པར་བསམས་ན། དུས་ནམ་ཡང་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་དུས་སུ་ཁས་ལེན་དམ་བཅའ་གནང་བའི་འབོད་ཚིག་རེ་རེ་རྣ་རྒྱབ་ཀྱི་རླུང་ལ་མ་བསྐུར་བར། དྲན་པའི་ཡིད་ལ་དམ་པོར་བཅངས་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་ཡོད་དོ། །
གྱེར་ཀློག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
