

གཅན་རུ་མཚེར།(ཟི་ལིང་།)
སྙིང་ཉེ། གཟའ་ཉི་མའི་ཉིན་འདིར། ངས་སླར་ཡང་བུ་ཆུང་ཁྲིད་ནས་རྫ་དམར་ཉག་གའི་ལམ་ཕྲན་བརྒྱུད་བཞིན་ཁྱོད་ཀྱི་ཕ་མ་གཉིས་ལ་བསྐོར་ཞིག་བརྒྱབ་པ་ཡིན་ལ། སྨུག་པས་བཏུམས་པའི་ལམ་ཁ་འདི་རུ་ངུ་སྐད་ལྷང་ལྷང་གི་བུ་ཆུང་ལ། “ལོ་ལོ་མ་ངུ་གཉིད་ལ་སྡོད། ནམ་མཁའི་སྐར་མ་འཛིན་ལ་སྟེར། ས་ཡི་མེ་ཏོག་འབལ་ནས་སྟེར། ཨ་ཕ་ཡོང་ན་ལུག་ཅིག་བཤའ། མཁལ་མ་ཚིལ་གྱིས་བཏུམས་ནས་སྟེར”ཞེས་གཉིད་གླུ་བཏང་སྟེ་ཡོང་བ་ཡིན་མོད། འགྲོས་མགྱོགས་པའི་རླངས་འཁོར་འདིས་ངའི་བེམ་རིག་གཉིས་ཀ་ཁ་ཁར་གཏོང་བཞིན་འདུག ངའི་སྐམ་རིད་ཀྱི་ལུས་པོ་མདུན་ནས་མདུན་དུ་ཁྱེར་ཡང་། གཉོམ་ཞན་གྱི་རྣམ་ཤེས་ཕྲ་མོ་ནི། སྐད་ཆས་མཚོན་དཀའ་བའི་སྡུག་བསྔལ་དང་བཅས་རྫ་དམར་ཉག་གའི་ལམ་ཕྲན་འདི་རུ་ལུས་བཞིན་འདུག
ཁྱོད་ཀྱི་སྐྱེས་སྐར་ལ་འཁེལ་བའི་མཚན་ངོགས་ཏེ། ཆར་བ་ཟིམ་ཟིམ་དུ་འབབ་པའི་དགོང་མོ་དེར། ངེད་མ་སྨད་གཉིས་ཀས་ཆུ་ཚོད་ཀྱི་མདའ་རྟགས་ལ་ཅེར་བཞིན། ཁྱོད་ལས་ཚོགས་ནས་ཐོན་རྒྱུར་ངང་སྒུག་བྱས་ཤིང་། ཁྱོད་རང་བཟའ་རྒྱུར་དགའ་བའི་ཟས་སྣ་དང་། སྐྱེས་སྐར་ལ་གཏོང་རྒྱུའི་གཞས་ཆུང་ཞིག་ཀྱང་གྲ་སྒྲིག་བྱས་ཏེ་བསྒུགས་མོད། དགོང་མོ་དེར། ཁྱོད་རང་ལུས་ཀྱི་སྟོད་སྨད་བར་གསུམ་འདམ་རྫབ་དང་བཅས། ནམ་གུང་གི་ཆུ་ཚོད་བཅུ་གཉིས་པར་མ་གཏོགས་ཡུལ་ལ་ལོག་མ་བྱུང་། སྐད་ཆ་ཚིག་འགའི་རྗེས་སུ། ངས་གཞི་ནས་ཁྱོད་རང་འགྲིམ་འགྲུལ་དོན་རྐྱེན་ཞིག་གི་ཡུལ་དངོས་ལ་སོང་སྟེ་འགོར་བ་ཤེས།
མཚན་མོ་དེར། སྐྱེས་སྐར་གྱི་ཆོ་ག་སྟབས་བདེ་ཞིག་རྫོགས་རྗེས། ཁྱོད་རང་ནམ་རྒྱུན་ལྟར་ལས་ཚེགས་དང་སེམས་ཚེགས་ཀྱིས་མནར་ཏེ་གཉིད་ཀྱིས་དོབ་འདུག་མོད། ནམ་གུང་གི་ཆུ་ཚོད་གསུམ་པར་གློ་བུར་འབྱོར་བའི་ཁ་པར་དེས་ཁྱིམ་ཚང་ཆུང་ངུ་འདིའི་སོས་དལ་ཡོད་ཚད་གཏིང་ནས་དཀྲོགས། ཁྱོད་སླར་ཡང་བྲེལ་བྲེལ་འཚུབ་འཚུབ་ངང་འགྲིལ་འགྲུམ་དོན་རྐྱེན་གཞན་ཞིག་གི་ཡུལ་དངོས་ལ་འགྲོ་དགོས་ཟེར། སྙིང་ཉེ་ལགས། དེ་ནི་ཁྱོད་ཀྱི་འཚོ་བ་སྟེ། བས་མཐའི་ཡུལ་ཚོ་ཆུང་ངུ་འདི་རུ་འགྲིམ་འགྲུལ་དོན་རྐྱེན་ཅི་བྱུང་ཡང་། ཁྱོད་ནམ་ཞར་ལེ་བདའ་དང་འཁང་ར་མེད་པར། འདི་ལྟར་གཉིད་མ་སད་ཀྱིས་སྐད་ཅིག་ཉིད་དུ་ཡུལ་དངོས་ལ་ཐོན་དགོས་སྟབས། ངས་ད་ཚོད་ཀྱང་། ཁྱོད་ཀྱིས་ཐོག་མ་ནས་འགྲིམ་འགྲུལ་ཉེན་རྟོག་པའི་ལས་རིགས་འདི་འདྲ་ཞིག་བདམས་པར་ཚུལ་མིན་གྱི་ལེ་བདའ་ཅི་ཡང་བྱས་མ་མྱོང་།
ལྷིང་ཞིང་འཇགས་པའི་མཚན་ངོགས་འདིར། ཕྱི་རོལ་གྱི་རླུང་བུས་ཁང་མིག་གི་སྒེའུ་ཁུང་བརྟོལ་ནས་ངེད་མ་སྨད་གཉིས་ཀྱི་གདོང་ལ་ལྡང་། བུ་ཆུང་གཉིད་མ་སད་ཀྱིས་ཡར་ལངས་ཏེ་མིག་ཟུང་ཕུར་ཕུར་བྱེད་བཞིན་ཁྱོད་ཀྱི་བྲེལ་འཚུབ་ལ་ཅེར། ལག་གཡས་ལ་པར་ཆས་བཟུང་ཞིང་། ལག་གཡོན་པར་གློག་སྒྲོན་ཐོགས་པའི་ཁྱོད་རང་། དེ་ལྟར་ཕྱི་མིག་ཀྱང་མེད་པར་ནང་སྒོ་ཁྲོག་སེར་ངེད་གཉིས་ཀྱིས་མཐོང་ལམ་ནས་ཡལ།
ཆུ་ཚོད་ཡང་འཁོར་བསྐྱར་འཁོར། སེམས་ཁྲལ་གཅིག་ཐོག་གཉིས་བཞག བསྒུགས་བསྒུགས་པའི་མཐའ་མར། ཁྱོད་རང་ཅིས་ཀྱང་ཕྱིར་ཡོང་རྒྱུ་མ་བྱུང་། ངས་མཚན་སྨད་རིང་མོར་ཁྱོད་ལ་ཁ་པར་ཅི་ཙམ་བཏང་ནའང་། རྒྱུན་པར་ཡོད་ཤག་ཤག་གི་ཨ་ལན་ནི་ནམ་མཁའི་མེ་ཏོག་ཙམ་དུ་གྱུར། ངའི་ཞེ་ལ་སྔོན་ཆད་མངོན་སུམ་དུ་མཐོང་མྱོངས་པའི་མགོ་རྟིང་བསློགས་པའི་རླངས་འཁོར་དང་བེམ་པོ། ཁྲག་དང་མིག་ཆུས་སྦངས་པའི་བརྡབ་གསིག་གི་སྣང་བརྙན་མང་པོ་ཞིག་ངང་གིས་འཁོར་བའི་མོད་ལ། བློས་མི་ཟིན་པའི་ཡུལ་དངོས་དེའི་མཚན་གྱི་བྱ་ལས་མང་པོར་སྐྱོ་སྡུག་དཀའ་ཉེན་མེད་པའི་སྨོན་ལམ་བཏབ།
ཡིན་ནའང་། སྙིང་ཉེ་ལགས། གོད་ཆགས་ཀྱི་རྦབ་རྡོ་དེ་ལ་འཛིན་ཐབས་ཅི། ངས་ཁྱོད་རང་ཡུལ་དངོས་དེ་ནས་རྒྱལ་ཁའི་ངང་ཕྱིར་ལྡོག་པར་རེ་སྒུག་དང་སྨོན་ལམ་ཅི་འདྲ་བཏབ་མྱོངས་ནའང་། ཕྱི་ཉིན་གྱི་ཉི་མ་རྩེ་ཤར་ལ། ཁྱོད་རང་རྫ་དམར་ཉག་ཁའི་ལམ་ཕྲན་འདི་རུ། རླངས་འཁོར་གྱི་ཁ་ལོ་འདམ་རྫབ་ལས་འདྲེད་བརྡབ་ཤོར་ཏེ། གཞན་གྱི་གཅེས་སྲོག་གི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་ཤོར་སོང་བའི་གཏམ་ངན་ཐོས་བྱུང་། ཨ་ཨ། ཞལ་ཁྱིམ་འཛུམ་གྱིས་དགོད་ཅིང་། བཟའ་ཚོ་ཁྲེལ་གྱིས་འཚོ་བའི་ངའི་འདང་ཆེན་ཏེ། ཕོ་ལོ་སུམ་ཅུའི་སྒོ་ཐེམ་བརྒལ་མ་ཐག་པའི་སྟག་ཤར་ཕྱི་ཐག་ཅན་དེ་ཨང་། ངའི་འཁོར་བའི་རྒྱལ་རབས་ས་ལ་ཐིམ་སའི་རྫ་དམར་གྱི་ཉག་ག་སྟེ། བཟའ་ཟླས་ཁྱིམ་མི་དྲན་པའི་སྡུག་ཡུས་དང་། བུ་ཡིས་ཨ་ཕ་དྲན་པའི་ངུ་སྐད་མཐའ་དག་སྨུག་ནག་གི་ཟོལ་གྱིས་འཕྱུར་སའི་ལམ་ཕྲན་འདི་ཨང་།
གྱེར་ཀློག་པ། མི་ཕམ་མགོན་པོ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། རྟ་མགྲིན་འཚོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན།
