

ཕྱིར་མིག་ཁྲོད་ཀྱི་འགྱོད་གདུང་།
འབྲོང་ཚེ་རིང་། (ཟི་ལིང་། )
ཚན་རིག་ལག་རྩལ་གྱི་དར་ཆ་མཐོན་པོར་བསྒྲེངས་པའི་དེང་གི་དུས་འདིར། འགྲིམ་འགྲུལ་ཡོ་བྱད་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ནས་མི་རྣམས་ཀྱི་འཚོ་བར་བདེ་སྐྱིད་ཀྱི་དཔལ་ཡོན་གསར་པ་ཞིག་བསྐྲུན་ཡོད་ཅིང་། དེ་དང་ལྷན་དུ་མི་སེམས་སྒུལ་བའི་མི་ཚེའི་སྐྱོ་གར་སྣ་ཚོགས་ཤིག་ཀྱང་བྱུང་དང་འབྱུང་བཞིན་ཡོད།
མི་ལོ་གསུམ་གྱི་ཡར་སྔོན་དུ། ཕུ་བོ་བཀྲ་དོན་ནི་སྒེར་གྱི་རླངས་འཁོར་ཁ་ལོ་བ་ཞིག་ཡིན། ཁོ་ལ་རྒྱུན་པར་དོན་དག་གལ་ཆེན་འདྲ་མེད་ཚེ། དུས་ལྟར་ཡུལ་ཚོ་ནས་རྫོང་ཐོག་ལ་འགྲོ་བའི་མགྲོན་པོ་རྣམས་སྐྱེལ་འདྲེན་བྱེད་བཞིན་ཡོད། ཁོས་འདི་ལྟར་བྱེད་དགོས་པའི་དམིགས་ཡུལ་ཡང་གཅིག་མ་གཏོགས་མེད་དེ། དེ་ནི་མགྲོན་པོ་མང་ཙམ་བསྐྱལ་ནས་གསོག་དངུལ་མང་ཙམ་བཙལ་ཏེ་རླངས་འཁོར་ཁ་ལོ་བའི་སྐོར་ཡིག་རྫུན་མ་ཞིག་མངགས་ཉོ་བྱེད་འདོད་པ་དེ་ཡིན། ཡིན་ནའང་། ཁོའི་ནོར་འཁྲུལ་གྱི་བྱེད་སྟངས་འདིའི་རྒྱབ་ལོགས་སུ་དོན་དམ་ཆག་འཇིག་དང་མནར་གཅོད་ག་ཙམ་ཞིག་སྦས་སྐུང་བྱས་ཡོད་པ་སུས་ཀྱང་རྟོགས་མི་སྲིད།
དོན་རྐྱེན་མ་བྱུང་བའི་ཡར་སྔོན་དུ། ཕུ་བོ་བཀྲ་དོན་གྱིས་ཡུལ་ཚོའི་སྲང་ལམ་ཆུང་ངུ་དེ་རུ་རླངས་འཁོར་ཡར་སྐོར་མར་སྐོར་བྱས་ནས་རྫོང་ཐོག་ལ་འགྲོ་བའི་མགྲོན་པོ་འཚོལ་བཞིན་ཡོད། སྟབས་ལེགས་པ་ཞིག་ལ། ང་རང་ཉིན་དེར་སློབ་གྲྭར་འགྲོ་མ་དགོས་པས་ཁོའི་རླངས་འཁོར་དུའང་འདུག་མ་དགོས། དོན་ངོ་མར་བཤད་ན། ནམ་རྒྱུན་རྫོང་ཐོག་དང་སློབ་གྲྭར་འགྲོ་སྐབས་ཁོའི་རླངས་འཁོར་དུ་བསྡད་པ་བགྲངས་ཀྱིས་མི་ལང་། སྔ་དྲོ་ཆུ་ཚོད་བཅུ་གཅིག་ཡས་མས་སུ་ཡུལ་ཚོ་ནས་མྱུར་སྐྱོབ་རླངས་འཁོར་གྱི་དུང་བརྡ་བར་མེད་དུ་གྲགས་ཏེ་རྫོང་ཐོག་ལ་འགྲོ་བའི་ལམ་ཕྱོགས་སུ་མདའ་འཕངས་པ་ལྟར་རྒྱུགས་ནས་བུད་སོང་། ཨ་མས་ངག་ནས་མ་ཎི་འདོན་བཞིན “བླ་མ་དཀོན་མཆོག་གསུམ་གྱིས་མཁྱེན། ཡང་དོན་དག་འདྲ་བྱུང་སོང་ངམ” ཞེས་བརྗོད་མ་ཐག་ཏུ་ངའི་སེམས་ལ་གློ་བུར་དུ་ཕུ་བོ་བཀྲ་དོན་ཤར་བྱུང་། ཡིན་ནའང་། དེ་ནི་སེམས་ཀྱི་རྟོག་སྣང་ཙམ་ཡིན་པ་ལས་དེ་མུར་ཐག་གཅོད་བྱེད་པར་ག་ལ་ཕོད།
ཕྱི་དྲོར་གནས་ཚུལ་འབྱོར་བ་ལྟར་ན། ཡུལ་ཚོ་ནས་རྫོང་མཁར་བར་གྱི་སྤྱི་ལེ་བཅུ་ཡས་མས་ཀྱི་མཚམས་སུ་རླངས་འཁོར་ཞིག་ལ་དོན་རྐྱེན་བྱུང་འདུག་སྐད། ཏག་ཏག་དོན་རྐྱེན་བྱུང་འདུག་པ་ནི་ཕུ་བོ་བཀྲ་དོན་གྱི་རླངས་འཁོར་རེད་ཟེར་དུས། ངའི་སེམས་པའི་ཕྱི་ནང་བར་གསུམ་ལ་འཁྱག་སིབ་སིབ་ཀྱི་གྲང་རླུང་ཞིག་ལྡང་ཞིང་སྨྲ་མི་ཤེས་པའི་ཚོར་བ་ཞིག་ཀྱང་ངང་གིས་སྦྱིན་བྱུང་། ངས་ད་གཟོད་རང་ཉིད་འཆི་བདག་གི་རྙི་ལས་ཐར་བ་ཤེས་པ་དང་ཕུ་བོ་བཀྲ་དོན་གྱི་ནོར་འཁྲུལ་གྱི་སྤྱོད་ལམ་རེ་འགའ་ཡང་གཅིག་རྗེས་གཉིས་མཐུད་དུ་དྲན་ཡོང་། ཁོ་ལ་ཐོག་མར་རླངས་འཁོར་སྐོར་ཆོག་པའི་འཛིན་ཡིག་མེད་ཁར་གཞུང་ལམ་གྱི་མཚོན་རྟགས་སྣ་ཚོགས་ལ་དེ་འདྲའི་གསལ་ཆ་མེད་པ་དང་། རླངས་འཁོར་ལ་དུས་ལྟར་ཞིབ་བཤེར་མི་བྱེད་པ། དུས་ཚོད་བརྩོན་ལེན་བྱ་ཆེད་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་སྣང་ཚུལ་ཡོད་པས། ཐེངས་འདིའི་དོན་དག་འབྱུང་རྐྱེན་ཡང་དེ་དག་ལས་མ་འདས་པར་སྙམ།
ཉིན་དེའི་དགོང་མོར། ང་རང་རྫོང་གི་སྨན་ཁང་ལ་འབྱོར་རྗེས་འགྲིམ་འགྲུལ་ཉེན་རྟོག་པས་སྙན་ཞུ་བྱས་པ་ལྟར་ན། དོན་དག་གི་འབྱུང་རྐྱེན་ནི་ཚད་བརྒལ་གྱིས་མི་དྲུད་ཡོད་པ་དང་། འགྲོས་ཚད་ཇེ་མགྱོགས་སུ་བཏང་བས་རླངས་འཁོར་གྱི་ལྷུ་ལག་ལ་ཆག་སྐྱོན་བྱུང་བ་རེད་ཟེར། སྐབས་དེར། ངས་རང་ཉིད་ལ་ལེ་བདའ་བྱེད་པ་ཙམ་ལས་ཕུ་བོ་བཀྲ་དོན་གྱི་ནོར་འཁྲུལ་ལ་གཤེ་གཤེ་ཞིག་གཏོང་ག་ལ་ཕོད། དོན་ངོ་མར་བཤད་ན། ཐེངས་དེའི་དོན་རྐྱེན་ཁྲོད་ཕུ་བོ་བཀྲ་དོན་གྱི་ལག་པ་གཡས་པའི་དཔུང་བ་དང་རྐང་པ་གཡོན་པར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པར་མ་ཟད། ཀླད་པའི་ནང་ལ་ཡང་ཁྲག་ཅུང་ཙམ་བླུགས་འདུག དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ། ལོ་དེར་མཐོ་རྒྱུགས་ལ་ཞུགས་དགོས་པའི་སློབ་མ་གསུམ་ཡང་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད། འདི་ནི་མི་སུས་ཀྱང་བློ་ངོར་མི་ཤོང་བའི་ཆེས་འཇིགས་རུང་གི་དོན་རྐྱེན་ཞིག་དང་ཁྱིམ་མི་སུས་ཀྱང་དང་ལེན་བྱེད་མི་ཕོད་པའི་སྐྱོ་གདུང་གི་མནར་གཅོད་ཅིག་ཅི་ལ་མིན། ཡིན་ནའང་། འཇིག་རྟེན་གྱི་བྱ་དངོས་མཐའ་དག་ལ་བརྟག་ཐབས་བྲལ་བས། ད་ནི་འཁང་ར་དང་མིག་ཆུ་ཅི་ཙམ་བཏོན་ཡང་ང་ཚོ་ལ་ཕྱིར་ལན་སྤྲོད་ཐབས་ཅི་ཡང་མི་འདུག
ད་ལོའི་དབྱར་ཁར། ང་རང་གཞི་ནས་ཕུ་བོ་བཀྲ་དོན་དང་ཐུག་འཕྲད་ཐེངས་ཤིག་བྱུང་། ཉིན་དེར་སྨུག་པ་དུད་སྤྲིན་འདྲ་བ་ཞིག་གིས་གཞུང་ལམ་དེའི་མགོ་རྔ་ཐམས་ཅད་ཡོངས་སུ་བཏུམས་འདུག་སྟེ། ཕུ་བོ་བཀྲ་དོན་གྱིས་ནམ་རྒྱུན་དང་འདྲ་བར་རི་སྐེད་དུ་ཀྱག་ཀྱོག་ངང་འཐེན་པའི་གཞུང་ལམ་ལ་ཅེར་ནས། རང་ཉིད་ཀྱིས་ཕངས་མེད་དུ་འཆི་བདག་ལ་སྦྱིན་པའི་ལོ་ཆུང་གསར་སྐྱེས་དེ་དག་གི་ཚེ་སྲོག་ལ་ཕྱིར་དྲན་བྱེད་ཀྱིན་ཡོད། ངས་ཀྱང་ཕུ་བོ་བཀྲ་དོན་གྱི་མིག་ཟུང་ལས་འགྱོད་གདུང་དང་ཚེ་སྲོག་གི་རིན་ཐང་རྟོགས་པའི་མིག་ཆུའི་བཞུར་རྒྱུན་ཅིག་མཐོང་ཞིང་། ཁོའི་ནོར་འཁྲུལ་གྱི་རྒྱབ་ལོགས་སུ་སྨིན་པའི་ཆག་འཇིག་གི་མནར་གཅོད་ཅིག་ཀྱང་ཚོར་ཡོང་།
གྱེར་ཀློག་པ། ཡེ་ཤེས་སྒྲོལ་མ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། རྟ་མགྲིན་འཚོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན།
