རྟ་རྒན་ནག་ཆག ༼བསྡུས་རྩོམ། ༽
ཁུངས། ཀློག་གྲངས།

སྲབ་མདའ།(རྨ་ལྷོ། )

ཉིན་དེར། ངས་རྟ་རྒན་ནག་ཆག་རླངས་འཁོར་གྱི་གཞུག་སྒམ་ནང་དུ་བཅུག་སྟེ་རྟ་རྒྱུག་ར་བའི་ཕྱོགས་སུ་བྱ་འཕུར་བ་ལྟར་རྒྱུག་པ་ཡིན། ངའི་རྟ་རྒན་ལ“ནག་ཆག”ཅེས་པའི་མིང་འདི་ཡང་འགྲིམ་འགྲུལ་བདེ་འཇགས་དང་འབྲེལ་བ་ངེས་ཅན་ཡོད་དེ། ང་རང་ལོ་ཉེར་གསུམ་ལ་བུད་མ་ཐག་པའི་ལོ་སར་ཚེས་གཉིས་ཉིན་གྱི་དགོང་ཁ་ཞིག་ལ།  ངེད་ཚང་གི་ཁྱིམ་མཚེས་མག་པ་ཞིག་གིས་ཆང་འཐུང་ནས་ར་བཟི་རྗེས་འཕྲུལ་རྟའི་ཁ་མ་ཐུབ་པར་ངའི་རྟེའུ་ནག་ནག་དེ་དང་གདོང་ཐུག་བརྒྱབ་ནས་རྟེའུའི་རྐང་བ་གཡས་པ་བཅགས་རྗེས། སྡེ་མི་ཚང་མས་ངའི་རྟེའུ་ནག་ནག་དེར་ནག་ཆག་ཅེས་འབོད།

ལོ་དེར་ཨ་ཕས་ཐེངས་གཉིས་ལ་ཕྱིང་བས་ཆག་ཤིང་བཞག་རྗེས།   རྟ་རྒན་ནག་ཆག་གི་རྐང་བ་གཡས་པའི་གྱོལ་འཐེང་རིམ་བཞིན་སངས་དྲག་ཏུ་གྱུར་མོད། དེ་རིང་གི་རྟ་གཤིབ་འགྲན་བསྡུར་ཁྲོད་དུ་རྟ་རྒན་ནག་ཆག་ཡང་བསྐྱར་གྱོལ་བྱུང་། རྟ་གཤིབ་ཀྱི་ཨང་རིམ་དུ་ཚུད་རྒྱུ་ནི་ཕར་ཞོག་བསྐྱར་འགྲན་རིམ་པའི་གཤིབ་རྟའི་གྲས་སུའང་མ་ཐེ་བས།  ངས་སེམས་སུ“མྱི་ཆག་ཤི་ནི་མེད།། རྟ་ཆག་འབྱོར་ནི་མེད།།”ཅེས་པའི་གཏམ་དཔེ་འདི་ཅིའི་མ་བདེན་སྙམ་ཞོར། རྟ་རྒན་ནག་ཆག་སྔོན་མ་ལྟར་རླངས་འཁོར་གྱི་གཞུག་སྒམ་དུ་བཅུག་ནས་ཕྱིར་ཡུལ་ལ་ལོག་པའི་ལམ་སྐབས་སུ། ང་དང་ཐག་མི་རིང་བའི་མདུན་ཕྱོགས་ནས་འཕྱི་བ་གཉིས་གློ་བུར་དུ་ཁ་ཕྱིར་འཁོར་ཞིང་གཞུང་ལམ་འཕྲེད་ཀྱིས་བཅད་ནས་རྒྱུག་བྱུང་། ངས་ཀྱང་དངངས་སྐྲག་དང་བཅས་རླངས་འཁོར་གྱི་ཁ་ཕྱོགས་བསྒྱུར་ཆས་གཡོན་ཕྱོགས་སུ་གཅུས་ཏེ་འཕྱི་བ་དེ་གཉིས་ལ་གཡོལ་ཅི་ཐུབ་བྱས་མོད།  མཇུག་མཐར།  ཡིད་ལའང་མ་དྲན་པ་ཞིག་ནི་འཕྱི་བ་དེ་གཉིས་ལས་རྗེས་མ་དེ་ཁྲག་གི་རྒྱ་མཚོའི་ནང་དུ་བརྫིས་ཟིན་པས། ཨ་ཚ་ཚ། འཕྱི་བ་རྗེས་མ་དེ་འཆི་བཞིན་པའི་སྐབས་ཀྱི་ན་ཟུག་གི་སྡུག་བསྔལ་ཡོད་ཚད་ད་ལྟ་ད་དུང་ཡང་ངའི་མིག་ལམ་དུ་ཤར་ཡོང་།

ཉིན་དེར།   རྟ་རྒན་ནག་ཆག་གི་ལག་པ་གཡོན་པའང་བཅགས་སོང་། ཨ་ཕ་གཙོ་བྱས་པའི་ཁྱིམ་མཚེས་དག་གིས་མི་ལ་རྨས་སྐྱོན་ཕོག་མེད་ཚེ་རྟ་རྒན་ནག་ཆག་དང་འཕྱི་བ་གཉིས་ཤི་སོང་ཡང་གྱོང་མི་འདུག་སོགས་ལབ་ཡོང་། འོན་ཀྱང་།  ང་ཚོའི་མིའི་རིགས་ཀྱིས་རང་གི་ཚེ་སྲོག་ཁོ་ན་མ་གཏོགས་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་ནི་ཚེ་སྲོག་ཏུ་མི་སྣང་བའི་གཤིས་སྤྱོད་དེ་ལ་ཞེ་གཏིང་ནས་ཡིད་ཆད་པར་གྱུར། དཔེར་ན། འབྲོག་ཕྱོགས་ཀྱི་གཞུང་ལམ་འགྲམ་དུ་རྒྱུན་པར་སྒོ་ཕྱུགས་རྟ་ནོར་ལུག་གསུམ་ནི་ལྟ་ཅི་སྨོས། གཞན་ད་དུང་ཁྱི་ལྡོམ་དང་ཞི་ལ།  ཝ།  གཡི་དཀར།  སྦྲེ།  འཕྱི་བ།  ཨ་པྲ།  ཙི་གུ།  གྲུམ་པ།  ཕག་རྒོད།  ཏེའུ་ལོ།  སྲེ་མོང་།  སྦལ་པ། ས་འབུ་ནག་རིང་། བྱ་བྱེའུ་སྣ་ཚོགས་སོགས་ཀྱི་ཚེ་སྲོག་ཀྱང་རྨེག་མེད་དུ་གཏོང་བཞིན་ཡོད་པར་མ་ཟད། མིག་གིས་མ་མཐོང་བར་ཤེས་མེད་ཚོར་མེད་ངང་རྐྱེན་ལམ་དུ་བཏང་བའི་ཚེ་སྲོག་ཡོད་དོ་ཅོག་ནི་རྩིས་རྩིས་གྲངས་མེད་ཅིག་ཡོད་ངེས་ཨང་།

ང་ལ་མཚོན་ན།  མིག་གིས་མཐོང་ཐུབ་མི་ཐུབ་པའི་སྲོག་ཆགས་ཡོད་དོ་ཅོག་གི་ཚེ་སྲོག་ནི་རང་ཉིད་ཀྱི་ཚེ་སྲོག་བཞིན་དུས་ནམ་ཡང་གཡོལ་ཅི་ཐུབ་བྱེད་ན་འདོད། ལྷག་པར་དུ།  རླངས་འཁོར་གྱི་མགྱོགས་ཚད་ནི་ངའི་ཡིད་ལ་དྲན་པ་བཞིན་མདུན་ཕྱོགས་ཀྱི་བྱ་དངོས་གང་ཡིན་ཚང་མ་གཡོལ་ཐུབ་པ་ཞིག་མིན་པ་ཤེས་མོད། ངས་ད་བར་དུ་གཡོལ་ཅི་ཐུབ་བྱས་པ་ཡིན། མདོར་དེད་ན།   ང་ལ་འཕྲད་པའི་འགྲིམ་འགྲུལ་དོན་རྐྱེན་འདི་ཡང་སེམས་ཅན་སྲོག་ཆགས་ཡོངས་ཀྱི་ཚེ་སྲོག་ལ་གཅིག་མཐུན་གྱིས་དོ་སྣང་བྱེད་སྟངས་ཤིག་མ་ཡིན་ནམ། ཡང་གཅིག་བཤད་ན། རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་བསླབ་གཞིའི་ངོས་སུའང“མདུན་ཕྱོགས་ནི་ཕྱུགས་ཟོག་གཤར་ལམ་ཡིན་པས་གཟབ་གཟབ་བྱོས”ཞེས་བྲིས་ཡོད་པ་ལས་ཀྱང་འགྲིམ་འགྲུལ་དོན་རྐྱེན་གྱི་ཉེན་ཁའི་གནས་སུ་ཚེ་སྲོག་ལ་ཆེ་ཆུང་གི་དབྱེ་བ་མེད་པ་བསྟན་འདུག་པས་ན། ང་ཚོ་མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་པ་ནང་བཞིན་དབུགས་ཐོགས་སྲོག་ཆགས་རིགས་གང་ལའང་སྙིང་ཉེ་བའི་འདུ་ཤེས་ཤིག་བཟུང་ནས་འགྲིམ་འགྲུལ་བདེ་འཇགས་ལ་མཉམ་འཇོག་བྱེད་རོགས་ཞུའོ། །

གྱེར་ཀློག་པ། ཡུ་མོ་རྒྱལ། 

        རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།  

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ། 

 རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ། 

དོ་དམ་པ། བསོད་ནམས་དོན་འགྲུབ།  

ལྟ་སྐུལ་པ། རྟ་མགྲིན་འཚོ། 

 སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།