དོན་དངོས་དང་ཡིད་ཚོད་ཀྱི་བར་ཐག ༼བསྡུས་རྩོམ།༽
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས།


སྟག་ཐར་སྐྱབས།   ༼ཀན་ལྷོ༽

      མ་འོངས་པ་ནི་སུས་ཀྱང་ཁ་ཚོན་གཅོད་དཀའ་བའི་དབྱར་གྱི་གནམ་གཤིས་དང་འདྲ་བར། དགའ་སྐྱོ་དང་རྒྱལ་ཕམ་གང་ཞིག་གློ་བུར་བའི་ཆར་ཞོད་དང་སྐད་ཅིག་མའི་ཚ་གདུག་བཞིན་གར་ཡོང་ཆ་མི་འཚལ་བས། ང་ཚོས་ནམ་ཞར་ཡང་རང་གི་འཚོ་བ་དང་ཕུགས་བསམ་ལ་སྙེག་པའི་སྐབས་སུ། སྟོང་བསམ་དང་ཡིད་ཚོད་མཛེས་ཤིང་སྡུག་པ་རེ་བྱས་ནས་འགྲོ་བཞིན་འདུག དོན་དངོས་སུ་ང་ཚོའི་ཡིད་ཚོད་དང་དོན་དངོས་ཀྱི་བར་དུ་ནམ་ཡང་བར་ཐག་ངེས་ཅན་ཞིག་ཡོད། ཐ་ན་མཐོན་པོ་གནམ་དང་དམའ་མོ་ས་ཡི་ཁྱད་པར་ཡོད་ཀྱང་སྲིད་དོ།

དེའང་བདེན་ཏེ། དེ་བཞིན་དུ་རྩིངས་པའི་ཡིད་ཚོད་དང་རགས་པའི་ཚོད་བགམ་ལས་གྱོང་གུད་དང་ཕམ་ཉེས། དཀའ་ལས།  སྡུག་བསྔལ། འགྱོད་པ་སོགས་མང་པོ་མང་པོ་ཞིག་བྱུང་དང་འབྱུང་བཞིན་མཆིས་ཏེ། ཆེས་དཔེ་མཚོན་དུ་འོས་པ་ནི། རླངས་འཁོར་གྱི་ཁ་ལོ་བ་དང་དེས་བཟོས་པའི་འགྲིལ་འགྲུལ་གྱི་དོན་རྐྱེན་དག་ལས་ཝ་ལེར་མཐོང་ངེས་སོ།

དུས་རབས་གསར་བའི་འདུ་ལོང་ཁྲོད། རྒན་གཞོན་དང་ཕོ་མོ་མེད་པར་ཚང་མ་ཁ་ལོ་བ་ཡིན་ལ། རང་ཉིད་དང་ཁྱིམ་མི་ཡི་ཚེ་སྲོག་གི་འགན་སྲུང་བ་ཡང་ཡིན་པས། འདི་ནི་ང་ཚོས་ཏན་ཏན་གཟབ་ནན་བྱ་དགོས་པའི་ནར་མའི་འཚོ་བའི་སྤྱོད་ལམ་ཞིག་ཡིན་ནོ།

འདི་ནི་མིག་གིས་དངོས་སུ་མཐོང་མ་མྱོང་ཞིང་། རྣ་བས་གསལ་བར་ཐོས་པའི་དོན་དངོས་ཀྱི་གཏམ་རྒྱུད་ཅིག་སྟེ། ཉི་ནུབ་ཀྱི་ས་སྲོད་ཅིག་ལ། དགེ་རྒན་བཀྲ་ཤིས་ཀྱིས་གློག་འོད་མང་པོའི་འདུ་འཕྲོ་འོག ལམ་དཀྱིལ་གྱི་བྱིས་པ་མ་བུ་གཉིས་མ་མཐོང་བར་རླངས་འཁོར་གྱིས་བརྒྱབ་ཅིང་བསྣད་པ་རེད། སྐབས་དེར་ཁོ་རང་ཡང་རང་གི་བྱིས་པ་ལེན་དུ་འགྲོ་བཞིན་ཡོད་ལ། ཅུང་ཙམ་རྗེས་སུ་ལུས་འགྲོ་བས། རླངས་འཁོར་གྱི་འགྲོས་ཇེ་མགྱོགས་སུ་བཏང་བ་དང་། གཞན་གྱིས་བྱིས་པ་བླངས་ནས་ཚུར་ཡོང་བ་གཉིས་ཐོ་ཐུག་བརྒྱབ་པས། དེར་འདུས་ཚང་མས་སྨེ་ངག་འདོན་ཞིང་གསོལ་བ་འདེབས་བཞིན། ཀླད་པ་གཅིར་འདུག འཕྲལ་མར་བསད་འདུག་སོགས་ཤབ་ཤུབ་ཀྱི་སྐད་ཆ་རྣར་གཟན་པ་མང་པོ་གཅིག་འཕྲོར་གཅིག་མཐུད་དེ་གྲགས་བྱུང་བས། ཁོ་རང་སྒྱིད་པ་སྦྲིད་པར་གྱུར་ཏེ་ཏབ་ཅིག་ལ་རླངས་འཁོར་ལས་ཀྱང་འབབ་མི་ཐུབ་པར་གྱུར། ཡུན་ཙམ་འདས་པ་ན། ངུ་ངག་གི་འོ་དོད་འབོད་ཅིང་ཉེན་རྟོག་གི་མྱུར་སྐྱོབ་སྒྲ་སྐད་སོགས་བྲེལ་བྲེལ་འཚབ་འཚབ་ཀྱིས་གྲགས་བྱུང་ལ། དགེ་རྒན་བཀྲ་ཤིས་ཀྱི་ཡིད་སེམས་ཧྲིལ་བོར་འགྱོད་སེམས་ཀྱིས་ཁེངས་ཤིང་ཕངས་སེམས་ཀྱིས་ཡོངས་སུ་མནར། དེ་ལྟར་དགེ་རྒན་བཀྲ་ཤིས་ནི་མི་དམངས་ཀྱི་དགེ་རྒན་ཞིག་ནས་རྒྱལ་ཁབ་ཀྱི་བཙོན་མ་ཞིག་ཏུ་གྱུར་ཅིང་། ཁོའི་སྙིང་ཉེ་བའི་བྱིས་པ་གཉིས་ཀྱང་ཕ་མ་ཡ་བྲལ་གྱི་དྭ་ཕྲུག་ཅིག་ཏུ་གྱུར་ཏོ།

དེ་བས་སྤྱོད་ལམ་འདི་ཉེས་ཚེ། ཆུང་ན་གྱོད་གུད་ཆེ་འབྲིང་ཆུང་གསུམ་ཕོག་ལ། ཆེ་ན་ཚེ་སྲོག་ཤོར་བའི་ཉེན་ཁ་ཡང་བཟོ་སྲིད། སྤྱོད་ལམ་འདི་ལེགས་ཚེ། རྒྱལ་ཁམས་ལྟད་མོ་མིག་གིས་མཐོང་ཐུབ་ལ། བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་ཐུབ། སྤྱོད་ལམ་འདི་མདོར་དེད་ན། འགན་འཁྲི་ཞིག་ལ་འབྲེལ་འདུག་ལ། བློ་སྦྱོང་ཞིག་དང་ཡང་ཡོངས་སུ་ཐུག་འདུག འགན་འཁྲི་དང་བློ་སྦྱོང་མེད་པའི་ཁ་ལོ་བ་དག་ནི། གདོན་གྱིས་བསླུས་པ་དང་འདྲ་བར་ནམ་རྒྱུན་རང་གཞན་ཀུན་གྱི་འཚོ་བ་ལ་མི་སྐྱིད་དང་མི་བདེ་བ། མི་བསྲོན་པ་ཡི་ཆག་སྒོ་རྣམ་པ་སྣ་ཚོགས་བཟོ་མཁན་གྱི་ཉེས་ཅན་ཀླ་ཀློ་བ་དག་ཡིན་ནོ།

ང་ཚོ་ཚང་མ་ནི་ཁ་ལོ་བའི་ཆེད་ལས་མིན་ནའང་། འགྲིམ་འགྲུལ་གྱི་རྒྱུན་ཤེས་དང་ཁ་ལོ་བའི་ལས་རིགས་ཀུན་སྤྱོད་ལ་སློབ་སྦྱོང་དང་རྒྱུགས་བླངས་མྱོང་བ་ཞིག་ཡིན་ཕྱིན། དེ་ནི་ཤིན་ཏུ་གཟབ་ནན་བྱ་དགོས་པའི་ལས་ཀ་ཞིག་ཡིན་པའི་ངེས་ཤེས་ཟབ་མོ་ལྡན་པ་རེད། ཡིན་ཡང་ངང་ཐུང་ལས་ལ་ཧུར་ལེན་མེད་པ་དག་དང་། སྒྱིད་ལུག་གཤིས་ལ་གཅུན་འདོམས་མི་ཐུབ་པ་རྣམས། བག་ཡངས་གང་བྱུང་འུར་ལ་བསྐུར་མཁན་ཚོ། ད་དུང་ཉིན་ལ་མཚན་མཐུད་དེ་ངལ་གསོ་མི་ཤེས་པའི་གཉིད་ལྕོག་པ་དག བདུད་རྩིའི་མངར་ཁ་མ་བཟོད་པའི་ལྟོ་རྐྱལ་ཆང་འཐུང་རྣམས། བསྐོར་རྩལ་ཡོད་སྙམ་པའི་མགྱོགས་འགྲོ་དྲེགས་པ་ཅན་སོགས་ཀྱིས་རང་གཞན་ཀུན་གྱི་མཛེས་སྡུག་གི་འཚོ་བ་ལ་ཆག་གྲུབ་ཀྱི་གས་ཁ་དོད། བདེ་སྐྱིད་ཀྱི་ལྷན་འཛོམས་ལ་གྱེས་བྲལ་གྱི་སྡུག་བསྔལ་འབྱིན། འབྱོར་ཕྱུག་གི་འཁོས་ཁ་ལ་གྱོད་གུད་ཀྱི་ཆག་སྒོ་ཐེབས། དེ་ལས་ཀྱང་གཅེས་པའི་ཚེ་སྲོག་ལ་མི་འདོད་པའི་བར་ཆད་བྱས་འགྲོ་བ་རེད། འདི་དག་ནི་ཁ་ལོ་བ་ཞིག་གིས་སྟོང་བསམ་དང་ཡིད་ཚོད་ལས་བྱུང་བའི་དོན་དངོས་ཀྱི་བར་ཐག་རེད།

སྤྱིར་བཏང་དུ། ཁ་ལོ་བ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་དང་འབྲེལ་བའི་དོན་དག་རླབས་ཆེན་ཞིག་མིན་ནའང་། འདི་ནི་རླབས་ཆེན་གྱི་མི་རེ་རེའི་ཤི་གསོན་དང་སྐྱིད་སྡུག་ལ་ཏན་ཏན་འབྲེལ་བ་ཟབ་མོ་མཆིས་པའི་དོན་བྱ་གལ་ཆེན་ཞིག་ཡིན་པས། ཁ་ལོ་བའི་སྐྱེས་པ་བླངས་པའི་ཕོ་མོ་རྒན་དར་གཞོན་ཀུན་གྱིས་དོན་དངོས་དང་བསྟུན་པའི་ངོས་ཟིན་ཡང་དག་བྱེད་པ་ལས་སྟོང་བསམ་དང་ཡིད་ཚོད་ཀྱི་དབང་དུ་གྱུར་ཏེ་དོན་དངོས་དང་བར་ཆག་བཀྱེད་མི་འགྲོ་བ་ནི་ཚང་མའི་སེམས་ལ་འཛིན་དགོས་པའི་ངེས་ཤེས་གལ་ཆེན་ཞིག་གོ  

གྱེར་ཀློག་པ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ། 

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།  

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ། 

དོ་དམ་པ། བསོད་ནམས་དོན་འགྲུབ།  

ལྟ་སྐུལ་པ། ཕྱུག་ལོ། 

 སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།