

པད་མ་ཕག་མོ་རྟ་མགྲིན། [ཁྲི་ཀ]
རི་ཚོགས་གསེང་གི་ཀྱ་ཀྱུར་འཐེན་པའི་ལམ་ཕྲན་ཞིག་གི་གཡས་གཡོན་ན། གཡང་འཁྱིལ་ཞེས་འབོད་པའི་རོང་མ་འབྲོག་གི་གྲོང་ཚོ་ཞིག་ཆགས་ཡོད། གྲོང་ཚོ་འདིའི་ཕྱོགས་བཞི་མཚམས་བརྒྱད་སྔོ་ལྗང་རི་བོའི་བྱུགས་རིས་ཀྱིས་བསྐོར་ཞིང་། ས་གཞི་ཐམས་ཅད་ལྗང་མདོག་གི་རི་མོས་བརྒྱན་ཡོད་ལ། དུས་ཚིགས་བཞི་བོར་ཞིང་འདེབས་ཕྱུགས་འཚོ་ལ་བརྩོན་པའི་མི་ཚོགས་ཤིག་གིས་གནས་འདིར་སོས་དལ་བབ་ཕེབས་ཀྱིས་འཚོ་བ་རོལ། ཡིན་ནའང་། དྭངས་གཙང་ལྷིང་འཇགས་ཀྱི་ས་གཞི་འདིའི་ཕང་བ་རུ། ནམ་ཡོང་ཆ་མེད་ཡིན་པའི་ཚེ་སྲོག་གི་སྐྱོ་གར་རིགས་ཤིག་བྱུང་ཞིང་། ཚེ་སྲོག་གི་སྐྱོ་གར་དེས་གྲོང་མི་ཚོ་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོན་སྙིང་ངོས་ཟིན་དུ་བཅུག་སོང་།
དེ་ནི་དཔྱིད་ཉི་རིང་མོ་ཞིག་གི་ཉིན་གུང་གི་གཞུག་སྟེ། ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པའི་ཉིན་ཞིག་ལ། གྲོང་ཚོའི་ན་གཞོན་ལེགས་ལྡན་གྱིས་ཆུང་མ་གཡང་སྐྱིད་མ་བུ་གསུམ་འཕྲུལ་རྟའི་འཕོངས་ལ་བཟུང་ནས་བཀྲ་ཤིས་རྫོང་མཁར་དུ་ཆས། གཡང་སྐྱིད་མ་བུ་གསུམ་པོས་ལྭ་བ་ཡག་པོ་མདོག་ཅན་རེ་གྱོན་ཡོད་ཅིང་། ཁོ་ཚོའི་གདོང་ལ་སྔར་མེད་ཀྱི་དགའ་སྤྲོ་དང་བདེ་སྐྱིད་ཀྱི་འཛུམ་མདངས་དཔག་ཏུ་མེད་པ་ཞིག་བཞད་ཡོད། ལམ་འགྲམ་གྱི་རྩྭ་ཕྲན་སྟུག་པོར་སྐྱེས་པའི་བར་བར་དག་ན་མེ་ཏོག་སྣ་ཚོགས་ལྷུག་པར་གྲོལ་ཞིང་། བསིལ་རླུང་གི་རྒྱུ་བ་དང་བསྟུན་ནས་མགོ་ལྕོག་ཡང་ཡང་ལྡེམ། དེ་ནི་ལེགས་ལྡན་ཁྱིམ་ཚང་གང་བོའི་འགྲུལ་བཞུད་ལ་དགའ་བསུ་ཞུ་བ་དང་མཚུངས། ལེགས་ལྡན་གྱི་སེམས་ཁམས་ཀྱང་ཧ་ཅང་སྐྱིད་པས་སྣ་གླུ་ཐན་ཐུན་རེ་ལེན་ཞོར་བྱ་རྒོད་འཕུར་བ་ལྟར་འཕྲུལ་རྟར་ཁ་ལོ་སྒྱུར་ནས་མདུན་དུ་སྐྱོད། དུས་དེར། ཁོས་མདུན་གྱི་བཞི་མདོའི་ལམ་འགྲམ་དུ་གསལ་ལེར་བཀར་བའི་གློག་དམར་དེ་མཐོང་མོད། དེ་ལ་ཁ་ཡ་ཅི་ཡང་མ་བྱས་པར་ཐད་ཀར་འཕྲུལ་རྟའི་སྣུམ་སྒོ་ཤེད་ཀྱིས་མནན་ཏེ་ལམ་དུ་ཆས། རི་སྣའི་ལམ་གྱི་དཀྱོག་འགག་བཙན་པོ་ཞིག་ཏུ་བསླེབས་པ་ན། གློ་བུར་མདུན་ཕྱོགས་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་ཆུ་རགས་ཤོར་བའི་ཤྭ་འོད་བཞིན་ཚུར་བརྒྱུགས་ཡོང་། ལེགས་ལྡན་གྱི་སེམས་ལ་འཚུབ་ཆ་ཆེན་པོ་ཞིག་ལངས་པ་དང་འཕྲུལ་རྟའི་འགྲོས་ཚད་ཧ་ཅང་མྱུར་བས། ཁོས་འཕྲུལ་རྟའི་འགག་ཟྭ་བཙན་གྱིས་མནན་མཐར་ཁོ་ཚོ་འཕྲུལ་རྟ་དང་བཅས་ཐང་ལ་ཆོམ་སེར་འགྱེལ། ཁོ་ཚོ་སུས་ཀྱང་འཕྲུལ་རྟའི་རྨོག་ཞྭ་གོན་མེད་པས། འཁོར་བགེགས་ལས་གཡང་སྐྱིད་མ་བུ་གསུམ་པོའི་མགོ་རྐང་ས་ལ་བརྡབས་ནས་རྨས་ལྕི་མོ་ཞིག་བཟོས་སོང་། དེ་བས། མྱུར་དུ་ཁོ་ཚོ་སྨན་ཁང་ལ་བསྐྱལ་ཏེ་སྨན་བཅོས་མི་བྱེད་ཀ་མེད་དུ་གྱུར། ལེགས་ལྡན་ནི་སྨྲ་བ་ཅི་ཡང་མེད་པར་ལམ་འགྲམ་དུ་ཙོག་ཅིང་། རྒྱང་ལ་གྱེས་པའི་ཆུང་མ་མ་བུ་གསུམ་གྱི་རྒྱབ་གཟུགས་ལ་ཅེར་ནས་འགྱོད་གདུང་དང་སྡུག་བསྔལ་གྱིས་རབ་ཏུ་གཙེ།
ལེགས་ལྡན་གྱི་འཁོར་བགེགས་འདི་ནི་ལྗིད་ཚད་སྟོང་གིས་མནན་པའི་འགད་རྫས་ཆེན་པོ་ཞིག་དང་འདྲ་བར། གཡང་འཁྱིལ་གྲོང་ཚོ་ཧྲིལ་བོར་འུར་ཟིང་དང་གཡོ་སྐྱོམ་བཟོས་སོང་། གྲོང་མི་ཚང་མ་བྲེལ་འཚུབ་ཀྱིས་འཁོར་བགེགས་བྱུང་སར་ཡོང་ཞིང་། གས་ཆག་ཏུ་གྱུར་པའི་འཕྲུལ་རྟ་དང་ཁྲག་གིས་སྦགས་པའི་ས་ངོས་ལ་ཅེར་ནས། ཚེ་སྲོག་གི་ཉམ་ཆུང་དང་ལས་དབང་གི་སྐྱོ་གར་ལ་དངན་པ་ཤོར། གྲོང་མི་ཚོས་གྲོང་ཚོའི་ནང་གི་འགྲིམ་འགྲུལ་བདེ་འཇགས་གནད་དོན་ལ་མཐོང་ཆུང་གཏན་ནས་མི་རུང་བའི་བསམ་གཞིག་བསྐྱར་དུ་བཏང་། ཉིན་དེ་ནས་བཟུང་སྟེ། སྡེ་དཔོན་དང་བཅས་པས་སྣེ་ཁྲིད་དེ་གཡང་འཁྱིལ་གྲོང་ཚོར་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་མང་དུ་སྤེལ་ཞིང་། གྲོང་མི་རྣམས་ལ་འགྲིམ་འགྲུལ་འགྲོ་འོང་སྒྲིག་སྲོལ་བརྩི་བ་དང་འཁོར་ལོའི་རིགས་དལ་གྱིས་བསྐོར་དགོས་པའི་སྐུལ་ལྕག་ཡང་ཡང་བཏང་། གྲོང་ཚོའི་ན་གཞོན་སྐོར་ཞིག་གིས་རང་འགུལ་གྱིས་འགྲིམ་འགྲུལ་བདེ་འཇགས་སྐོར་སྐྱོད་རུ་དཔུང་གསར་དུ་བཙུགས་ནས། གྲོང་ཚོའི་གཞུང་ལམ་གང་སར་རྟོག་དཔྱོད་སྐོར་སྐྱོད་ཀྱིས་ལམ་འགྲོ་བར་བདེ་འཇགས་ལ་གཟབ་དགོས་པའི་བློ་གསལ་ལེགས་པར་འཕུད།
དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་གཡང་འཁྱིལ་གྲོང་ཚོའི་ལམ་ཕྲན་སྙོམ་སྒྲིག་དང་གཞུང་ལམ་ལེགས་བཅོས་ཡོང་ཞིང་། ལམ་འགྲམ་ཉེན་འགག་ཏུ་འགྲིམ་འགྲུལ་ལམ་རྟགས་དང་ཉེན་གཡོལ་སྐུལ་བརྡ་ཡང་སྦྱར་བས། ལམ་འགྲོ་བའི་འགྲིམ་འགྲུལ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ་དང་། འཁོར་བགེགས་བྱུང་ཚད་ཉུང་དུ་ཕྱིན་ཡོད། ལེགས་ལྡན་གྱི་འཁོར་བགེགས་དོན་རྐྱེན་དེ་གཡང་འཁྱིལ་གྲོང་ཚོའི་འགྲིམ་འགྲུལ་བདེ་འཇགས་སློབ་གསོའི་དཔེར་བརྗོད་གསོན་པོ་ཞིག་ཏུ་ཆགས་ནས། རྟག་ཏུ་གྲོང་མི་དག་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེན་དོན་སྙིང་ལེགས་པར་སྟོན། ཚེ་སྲོག་ནི་སྐྱོ་གར་གྱིས་ཕྱུག་ཅིང་མི་ཚེ་མི་རྟག་པའི་རང་བཞིན་དུ་གྲུབ་ནའང་། གཡང་འཁྱིལ་གྲོང་ཚོའི་གྲོང་མི་ཚོས་འགྲིམ་འགྲུལ་བདེ་འཇགས་ལ་བརྩི་མཐོང་དང་བདེ་སྐྱིད་ཀྱི་འཚོ་བའི་རེ་སྒུག་གི་ཚ་རླབས་དྲག་ཏུ་འཕྱུར་ཡོད་དོ། །
གྱེར་ཀློག་པ། མི་ཕམ་མགོན་པོ།
རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
