

འོད་ཟེར་ཉི་མ། ༼མཚོ་ནུབ། ༽
དུས་བཞིའི་དབྱེ་བ་བཀར་ནས་བཤད་ན། དེ་ནི་ཙག་རླུང་གི་རྒྱུ་བ་རྒོད་པའི་དགུན་དཀྱིལ་ཞིག་ཡིན། དེར་མ་ཟད། ཉིན་འགའི་སྔོན་དུ་ནོར་འཛིན་སྒེག་མོ་རབ་དཀར་ཁ་བས་བཀླུབས་ཤིང་། གཞུང་ལམ་དུའང་ཁ་བའམ་འཁྱགས་རོམ་གང་ཡིན་གྱི་དབྱེ་བ་འབྱེད་དཀའ་བ་ཞིག་གིས་གཡོགས་འདུག་པའི་དུས་སྐབས་ཤིག་ཀྱང་ཡིན།
ཉིན་དེར། ང་རང་བྱ་བ་ཙག་ཙིག་ཅིག་གི་དབང་གིས་སྤྱི་ལེ་བརྒྱ་ལྷག་ཡོད་པའི་རྫོང་མཁར་གཞན་ཞིག་ཏུ་འགྲོ་དགོས་བྱུང་། ལམ་ལ་མ་ཆས་པའི་སྔོན་དུ་ཁྱིམ་མི་དག་གིས་ངའི་བདེ་འཇགས་ལ་སེམས་ཁུར་བྱེད་ཀྱིན་ཡོད། དྲང་མོར་བཤད་ན། ང་རང་ཉིད་ལའང་འདང་རྒྱག་མོད་པོ་ཞིག་གདའ། ལམ་ལ་ཆས་ཁར། ཆུང་མས་ཡང་དང་བསྐྱར་དུ་རླངས་འཁོར་གྱི་འགྲོས་ཚད་དལ་དགོས་ལ་ངེས་པར་དུ་འདྲེད་འགོག་ལྕགས་ཐག་བཀོལ་སྤྱོད་བྱོས་ཟེར། ངས་ཡ་ཡ་ཞེས་པའི་ལན་སྟབས་བདེ་ཞིག་བཏབ་རྗེས་ལམ་ལ་ཆས་པ་ཡིན།
ལམ་ལ་ཆས་ནས་ཅུང་ཙམ་འགོར་རྗེས། ངས་རླངས་འཁོར་གྱི་བསྒག་ཟྭ་མནན་ནས་ཚོད་ལྟ་ཞིག་བྱས་པ་ན་བསྒག་ཟྭའི་ནུས་པ་ཧ་ཅང་བཟང་བར་སྣང་། དེ་ནས་རླངས་འཁོར་གྱི་དྲ་མ་མར་ཕབ་ནས་ལག་པ་ཕྱིར་བསྲིངས་ཚེ། ཨ་ཤུ་ཤུ། ཕྱི་རོལ་གྱི་ཙག་རླུང་ནི་རུས་པའི་གཏིང་ལ་ཟུག་གིན་འོང་། ཙག་རླུང་འདི་འདྲ་རྒོད་པས་འདྲེད་འགོག་ལྕགས་ཐག་ཇི་ལྟར་བསྐོན་ནམ། འདི་ནི་སྒྱིད་ལུག་གིས་ང་ལ་སྤྲད་པའི་ཁ་གཡོར་ས་དང་པོ་དེ་ཡིན། ཞིབ་ཏུ་བསམ་ན་ལག་རྟགས་ཨམ་ཕྲག་ནང་དུ་ཡོད་ཅིང་། ལག་རྩལ་སེམས་པའི་དཀྱིལ་དུ་ཡོད་ལ། མགྱོགས་སོང་བསམ་ན་བསྒག་ཟྭ་གནོན་པ་དང་དལ་འདུག་འདོད་ན་སྣུམ་སྒོ་མནན་པས་ཆོགདེ་འདྲ་ཞིག་སྐྲག་དགོས་དོན་ཅི་ཡང་མེད་སྙམ། འདི་ནི་ཁ་གཡོར་ས་གཉིས་པ་དེ་ཡིན། ད་དུང་ལམ་ལ་ཆ་རྒྱུས་ཡོད་པར་མ་ཟད། རང་ལའང་ལག་རྩལ་གྱི་བྱང་ཆ་ལྡན་པ་དང་། རླངས་འཁོར་ཡང་མི་བཟང་རྒྱུ་མེད་པ་སོགས་རང་གིས་རང་ལ་ཁ་གཡོར་ས་གྲངས་མེད་ཅིག་བཙལ་བ་ཡིན།
སྒང་ཁ་མཐོན་པོ་ཞིག་གི་རྩེར་བུད་ནས་མར་རི་རྩར་ཐོན་ལ་ཉེ་དུས། ངང་ངམ་ཤུགས་ཀྱིས་ངའི་རིག་པའང་ཇེ་ལྷོད་དུ་གྱུར། དེར་མ་ཟད་རང་ཉིད་ཀྱི་ལག་རྩལ་ལའང་གདེང་འཇོག་དཔེ་མེད་པ་ཞིག་བྱས། ད་ནི་ལྷོད་ལྷོད་བྱས་ནས་ཐ་མག་ཅིག་འཐེན་དགོས་སྙམ་པ་བྱུང་། ལག་གཡས་ཀྱིས་ཨམ་ཕྲག་ནང་གི་ཐ་མག་རྐང་གཅིག་ལོན་ལ་ཉེ་དུས། ཨོ་ཧོ་ཧོ། གློ་བུར་དུ་རླངས་འཁོར་ནི་ལམ་དཀྱིལ་ནས་འཕང་ལོ་འཁོར་འཁོར་བྱས་སོང་། དེ་དུས་རླངས་འཁོར་གྱི་ཕྱོགས་བསྒྱུར་དང་བསྒག་ཟྭ་ལ་ནུས་པ་ཅི་ཡང་མི་འདུག ཨམ་ཕྲག་ནང་གི་ལག་རྟགས་ཀྱིས་ང་རང་མ་བསྐྱབས་ཤིང་སེམས་པའི་དཀྱིལ་གྱི་ལག་རྩལ་དེ་ཡང་གར་སོང་ཆ་མེད་དུ་གྱུར། ཁྲོག་སྒྲ་དྲག་པོ་ཞིག་དང་མཉམ་དུ་མིག་ལམ་ནས་མེ་སྟག་ཅིག་འཚུབ་རྗེས་ངའི་དྲན་པ་ཉམས་སོང་། ཅི་ཙམ་འགོར་སོང་བ་ང་ལའང་བཤད་རྒྱུ་མི་འདུག་སྟེ། ཡུན་གྱིས་དྲན་པ་རྙེད་དུས་ལུས་པོར་ན་ཟུག་གིས་ཁེངས་འདུག ལག་པས་མགོ་བོར་རེག་ཙམ་བྱས་པར་ཁྲག་བཞུར་གྱིན་མེད་པ་འདྲ། རྐང་ལག་དལ་མོར་བརྐྱངས་སྐུམ་བྱས་ཚེ་སྐྱོན་ཆེན་པོ་མེད་པ་ལྟར་སྣང་། ལས་མཁྱེན་གནམ་མཁྱེན། ཐོད་པ་དང་འགྲམ་པར་སྐྲང་འབུར་འགའ་ཡོད་པ་ལས་གཞན་པའི་རྨས་སྐྱོན་ཅི་ཡང་ཐེབས་མི་འདུག །
སེམས་ཅུང་ལྷོད་ལ་བབས་པ་དང་། བཅོམ་ཆག་སྐྱ་ཉིལ་ལེར་བཏང་བའི་རླངས་འཁོར་ལ་ལྟ་ཞོར་ཉེན་འགོག་ལས་ཁུངས་སུ་ཁ་པར་བཏང་སྟེ་གནས་ཚུལ་དག་གསལ་བོར་ཐོ་འགོད་བྱས། སྤྱིར་ཉེན་འགོག་ཉོ་བ་ནི་གོམས་གཤིས་ལེགས་པོ་ཞིག་ཡིན་པར་མ་ཟད། འཁོར་བགེགས་རེ་བྱུང་ཚེ་རང་ཉིད་ཀྱི་གྱོང་གུད་ལ་ཁ་གསབ་བྱེད་ནུས་པའི་དོན་བྱ་ལེགས་པོ་ཞིག་ཡིན་པའི་ཉམས་མྱོང་ཡང་ཐོབ། ཉེན་འགོག་ལས་བྱེད་མི་སྣར་སྒུག་པའི་བར་གླགས་དེར་ཐ་མག་སྟོབས་ཀྱིས་རྔུབ་ཁོམ་ཡོད་ཅིང་། ཕྱིར་འདང་ཡང་རྒྱག་ཁོམ་མོད་པོ་ཞིག་བྱུང་། གལ་ཏེ། ད་ནངས་ཞོགས་པར་ཆུང་མའི་ཁར་ཉན་ཡོད་ན། གལ་ཏེ། གྲང་ངར་ལ་མ་འཛེམ་པར་འདྲེད་འགོག་ལྕགས་ཐག་བཀོལ་ཡོད་ན། གལ་ཏེ། རི་རྩར་ཐོན་ལ་ཉེ་དུས་ད་དུང་གཟབ་གཟབ་བྱས་ཡོད་ན། གལ་ཏེ། ལག་གཡས་ཀྱིས་ཐ་མག་ལ་བསྙབས་མེད་ན། གལ་ཏེ། སྒྱིད་ལུག་ཟེར་བའི་བསླུ་བྲིད་མཁན་དེའི་ཁར་ཉན་མེད་ན། ཡིན་ནའང་། མི་ཚེའི་ཁྲོད་དུ་དེ་འདྲའི་གལ་ཏེ་མང་པོ་ཞིག་གང་དུ་ཡོད་ཨང་།
གྲོགས་པོ་ཚོ། འགྱོད་པ་ལས་ཀྱི་ཐ་མ་ལ་ང་ཚོར་ཐབས་ཤེས་ཅི་ཡང་མེད་མོད། གཟབ་བརླིང་ལས་ཀྱི་མགོ་མ་ཡིན་པ་སེམས་སུ་གཏན་དུ་ཉར་རོགས་གྱིས་ཤིག
གྱེར་ཀློག་པ། རྟ་མགྲིན་སྐྱབས།
རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
