འགྲིམ་འགྲུལ་ལམ་གྱི་དྲན་འཆར། ༼བསྡུས་རྩོམ།༽
ཁུངས། ཀློག་གྲངས།

འབུམ་བྱམས་རྒྱལ།[མཚོ་ལྷོ།]

མི་ཡུལ་ནི་བདེ་སྡུག་གར་དུ་རྩེན་པའི་བྲོ་ར་ཞིག་དང་། མི་རྣམས་ནི་བྲོ་ར་དེ་རུ་འདུས་པའི་གར་མཁན་སྐོར་ཞིག་རེད། གར་མཁན་དེ་དག་གིས་རང་རང་གི་ལུས་སུ་གཟབ་མཆོར་གྱི་ལྭ་བ་གྱོན་ཞིང་། གདོང་ལ་མཛེས་རྩི་སྣ་ཚོགས་བྱུགས་ཏེ། ངོས་མི་སྙོམས་པའི་གར་སྟེགས་སྟེང་ནས་དགའ་སྐྱོ་ཆགས་སྡང་གི་ཟློས་གར་གང་རུང་ཞིག་འཁྲབ་ཀྱིན་ཡོད།  

ཁོ་ཚོས་ནམ་ཡང་མི་ཚེའི་བགྲོད་ལམ་སྟེང་ནས་དགའ་སྐྱིད་ཀྱི་འཚོ་བ་སེམས་སུ་བསྒོམས་ཤིང་། མི་འདོད་པའི་བགེགས་དང་བར་ཆད་མེད་པར་སྨོན་ལམ་འདེབས་ཀྱིན་ཡོད། ཡིན་ནའང་། རོལ་བཞིན་པའི་འཚོ་ཚིས་ཀྱི་གོ་རིམ་བར་ན་འགྲིམ་འགྲུལ་དོན་རྐྱེན་གང་མང་ཞིག་ཀྱང་བྱུང་དང་འབྱུང་བཞིན་པ་ནི་མི་ཚེའི་ཆག་སྒོ་ཆེས་ཆེ་བ་ཞིག་སྟེ།  ནམ་རྒྱུན།  མིའི་རིགས་ལ་ཡོད་དུ་སྲིད་པའི་བར་ཆད་བཟློག་དཀའ་བ་ཞིག་ཀྱང་རེད་པས། མི་ཚང་མས་དུས་དང་རྣམ་པ་ཀུན་ཏུ། སྐྱིད་ཐག་རིང་བའི་བློ་དགོས།  སྡུག་ཐག་ཐུང་བའི་ཐབས་དགོསཞེས་པའི་དཔེ་ལྟར།  བློ་སེམས་གཅིག་གིས་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་པ་དང་། འགྲིམ་འགྲུལ་བདེ་འཇགས་སྲུང་བའི་རྒྱུན་ཤེས་ལ་ལྟ་ཀློག་བྱེད་པ། འགྲིམ་འགྲུལ་ཉེན་རྟོག་པའི་ནང་སེམས་དཀར་པོའི་སློབ་སྟོན་ལ་ཡི་རང་བྱེད་པ། ཐག་ཉེ་རིང་གང་དུ་ཕྱིན་ཀྱང་འགྲོ་སྐྱོད་ལ་གཟབ་ནན་དང་རྣམ་རིག་བསྒྲིམ་དགོས་པར་འདུག་གོ །

ངག་རྒྱུན་དུ། ཚེ་སྲོག་ནི། སྐྱེས་དཀའ་བ་རི་བོང་རྭ་དང་འདྲ། འཇིག་སླ་བ་ནམ་མཁའི་གློག་ལས་མྱུརཞེས་པ་ལྟར། སྐད་ཅིག་ཙམ་གྱི་འགྲིམ་འགྲུལ་དོན་རྐྱེན་དེ་ནི་མིའི་བློ་ངོར་ཤོང་དཀའ་བ་དང་བློ་ཡུལ་ལས་འདས་པ་ཞིག་ཡིན་པ་སྨོས་ཅི་དགོས།  སྔོན་མ་ཞིག་ལ།   ང་ཚོ་སྡེ་བའི་རི་སྐེད་ཀྱི་ཀྱག་ཀྱོག་གིས་འཐེན་པའི་གཞུང་ལམ་སྟེང་དུ་རླངས་འཁོར་གྱི་དོན་རྐྱེན་ཞིག་བྱུང་མྱོངས།   རླངས་འཁོར་དེ་ནི་མྱུར་ཚད་མགྱོགས་དྲགས་པའི་རྐྱེན་གྱིས་ཁ་ལོ་མ་ཐུབ་པར་རི་རྐེད་ཀྱི་བྲག་འགག་ཅིག་ནས་ལུང་མཐིལ་དུ་ལྷུང་བ་རེད།  ཉིན་དེར་ང་རང་ལུག་རྫི་ཡིན་པས་ཆོམ་སྒྲ་དང་ཁྲོག་སྒྲ། ཨག་སྐད་དང་ངུ་སྐད་བཅས་པའི་སྒྲ་རྣམ་པ་སྣ་ཚོགས་ཤིག་འགག་འཕྲང་གི་བྲག་ཅ་བརྒྱུད་དེ་རྣ་བའི་བུ་གར་ལྷུང་ཞིང་།  དེ་མུར་དོན་རྐྱེན་བྱུང་སར་རྒྱུག་སོང་བ་ན།  རླངས་འཁོར་ལས་སུར་སྒྲ་ཞིག་གྲག་གྱིན་འདུག་པ་མ་གཏོགས་ཁོར་ཡུག་ཧྲིལ་བོ་ལྷང་འཇགས་སེར་འདུག  སྐབས་ཤིག་ལ་རླངས་འཁོར་ནང་ནས་འཁུན་སྒྲ་ཞིག་གྲགས་འོངས།  འཁུན་སྒྲ་དེ་དང་ཆབས་ཅིག་བུ་མོ་ཞིག་གིས་ངུ་འབོད་བསྒྲགས་བྱུང་། ང་རང་མྱུར་མོར་རླངས་འཁོར་གྱི་གམ་དུ་རྒྱུག་སོང་སྟེ།  རྨས་མ་དེ་སྐྱོབ་ཨེ་ཐུབ་ལྟ་དུས་སུ།   བཅོམ་ཆག་སྐྱ་ཉིལ་དུ་བཏང་ཟིན་པའི་རླངས་འཁོར་གྱི་དྲ་མིག་ཅིག་ལས་གསར་བུ་ཞིག་གོག་མ་ནུར་གྱིས་སྒོར་བུད་ཅིང་། ངེད་གཉིས་ཀྱིས་རླངས་འཁོར་གྱི་ནང་དུ་བཙུད་པའི་རྨས་མ་བུ་མོ་དེ་དང་།   རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་དུ་གཡུག་པའི་རྨས་མ་གཞན་དག་ལམ་འགྲམ་དུ་བསྐྱེལ་ཐབས་བྱས་པ་ཡིན།

རླངས་འཁོར་གཏོང་སྐབས་ཚེ་འདི་ཕྱིའི་བར་ཐག་དེ་གྲིའི་སོ་ཁ་ཙམ་ལས་མེདཅེས་པ་ཅི་མ་བདེན། སྐད་ཅིག་མའི་དོན་རྐྱེན་ལས་ང་ཚོའི་འཚོ་བར་དཀའ་སྡུག་དང་འགྱོད་གདུང་གི་གཏམ་རྒྱུད་རབ་དང་རིམ་པ་རྩོམ་གྱིན་ཡོད་དེ།    ནམ་རྒྱུན།  རླངས་འཁོར་ཁ་ལོ་བ་རེ་འགས་འདི་ལྟར་འགྲིམ་འགྲུལ་བདེ་འཇགས་དང་སྒྲིག་སྲོལ་ལ་དོ་སྣང་མ་བྱས་པའི་རྐྱེན་གྱིས། མི་མང་པོ་ཞིག་གི་རིན་ཐང་གཞལ་དུ་མེད་པའི་ཚེ་སྲོག་དག་ཀྱང་སྔ་ཕྱི་དང་གོ་རིམ་མེད་པར་གཤིན་རྗེ་རྒྱལ་པོའི་དྲུང་དུ་གཅིག་རྗེས་གཉིས་མཐུད་དུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་མ་ཡིན་ནམ། འགྲིམ་འགྲུམ་བདེ་འཇགས་སྣང་མེད་དུ་བྱས་པའི་མཇུག་འབྲས་ནི། འདི་ལྟར་ཧ་ཅང་སྐྱི་གཡའ་ལ་འཇིགས་སུ་རུང་བ་ཞིག་སྟེ།   ཕ་མ་དང་བུ་ཕྲུག  ཆུང་མ་དང་ཁྱོ་ག་སོགས་ཀྱི་བར་དུ་ཤི་བྲལ་གྱི་སྡུག་ཡུས་བབས་ཏེ།  བདེ་སྐྱིད་ཀྱི་འཚོ་བ་དེ་ཡང་སྐད་ཅིག་ཙམ་ལ་སྡུག་བསྔལ་གྱི་གནས་སུ་བརྫངས་ཤིང་། དྲོད་འཇམ་གྱི་ཁྱིམ་གཞིས་ལ་མི་འདོད་འཁྱག་རླུང་གི་བར་ཆད་ཐོན་པ་རེད།  དེའི་རྐྱེན་གྱིས།  མི་ཚང་མསཆུ་མ་ཡོང་གོང་གི་རགས་དང་། དགྲ་མ་ཐོན་གོང་གི་དོགསཞེས་པའི་དཔེ་ལྟར།   འགྲིམ་འགྲུལ་གྱི་ལམ་ཁ་གང་རུང་ནས་རྣམ་རིག་རྣོ་སྐུད་ལྟར་བསྒྲིམ་རྒྱུ་ནི་ཚེ་སྲོག་ལ་རྒྱབ་རྟེན་བཙན་པོ་ཞིག་བཅོལ་བ་ཡིན་པས། དུས་ཀུན། སྐྱིད་ཀྱི་ཉི་མ་དྲོ་རུང་། སྡུག་གི་མུན་པ་མ་བརྗེད ཅེས་པའི་དཔེ་ལྟར།  འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་སམ་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་དགོས་པ་མ་ཟད། བུ་རབས་ཚ་རྒྱུད་སོགས་ལའང་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་སྟོན་ཡག་པོ་ཞིག་གཏོང་བར་འབད་པ་བྱེད་དགོས་སོ། །

གྱེར་ཀློག་པ། ཚེ་རིང་ལྷ་མོ། 

རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ། 

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།  

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ། 

དོ་དམ་པ། བསོད་ནམས་དོན་འགྲུབ།  

ལྟ་སྐུལ་པ། ཕྱུག་ལོ། 

 སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།