བརྗེད་ཐབས་མེད་པའི་འདས་དོན་ཞིག ༼བསྡུས་རྩོམ།༽
ཁུངས། ཀློག་གྲངས། 3

གཅིག་བྱས་ན།   ཕ་རོལ་པོའི་དོན་རྐྱེན་ཞིག་གིས་ཁྱོད་ཀྱི་ལུས་ལ་ཚ་ཤར་ཞིག་རྒྱུག་པའམ།  སེམས་སུ་སྙིང་རྗེ་ཏིལ་འབྲུ་ཙམ་སྨིན་པ་ལས་གྲག་འགུལ་ཆེ་ཆེར་བཟོ་མི་སྲིད་མོད།  རང་ཁྱིམ་དུ་བྱུང་བའི་དོན་རྐྱེན་ལ་ལ་ཞིག་ནི་ཁྱོད་ཀྱི་མི་ཚེ་གང་བོར་ལུས་ཀྱི་གྲིབ་ནག་བཞིན་དུ་འབྲང་ཡོང་ཡང་སྲིད་དེ། ཕུ་བོར་བྱུང་བའི་དོན་རྐྱེན་ཞིག་གིས་ངའི་གཡའ་དག་པའི་བྱིས་དུས་ཀྱི་ནམ་མཁར་བསལ་དུ་མེད་པའི་སྡུག་བསྔལ་གྱི་སྤྲིན་པ་ནག་ལོང་ངེ་བ་ཞིག་ལྡང་སོང་།

ཉིན་གསུམ་གྱི་སྔོན་ཏག་ཏག་ལ།  ཕུ་བོ་ཁུལ་མཐོ་འབྲིང་ནས་དབྱར་རྩྭའི་གནང་བ་བྱིན་ཏེ་ཡུལ་དུ་ལོག་འདུག   ཕུ་བོ་ནི་ལོ་ན་ཕྲ་ནའང་སྲ་ངར་ཅན་གྱི་མི་ཞིག་ཡིན་ཐོག  ཕ་མའི་མངགས་བཀོད་ལའང་ཀུན་ནས་བརྩི་མཁན་ཞིག་ཡིན་པས།  མདང་ནུབ་ཕ་མ་གཉིས་ཀྱིས་ཡང་ཡང་བགྲོས་རྗེས།  ཨ་ཅེ་ལགས་རྒྱང་ཐག་རིང་བའི་སྟེང་ཆེན་འབོ་ཐ་རུ་བསྐྱལ་རྒྱུའི་ལས་དེ་ཕུ་བོར་བཅོལ་སོང་།   ང་ལས་ལོ་གསུམ་གྱིས་ཆེ་བའི་ཕུ་བོ་ནི་ཕོ་ལོ་བཅུ་བདུན་ལ་བུད་ཙམ་ཡིན་མོད།  ལོ་ཚོད་དང་བསྡུར་ན་འདྲ་འདྲའི་ཚོད་ཀྱི་མི་འདྲ་བ་ཞིག་ཡིན་ཏེ།  ཕུ་བོས་ཆུང་དུས་ནས་འདྲུད་འཁོར་སོགས་ལ་ཁ་ལོ་བསྐོར་ཏེ་སོས་ཀར་ཞིང་རྨོ་བ་དང་། སྟོན་ཁར་ལོ་ཏོག་སྡུད་པ་སོགས་ཁྱིམ་ཚང་གི་ཕྱི་ལས་ནང་ལས་ཀུན་ལ་འཇོན་པ་ཞིག་ཡིན།  འོན་ཏེ།   ད་ཐེངས་ཕ་མ་གཉིས་ཀྱིས་བཅོལ་བའི་ལས་འདི་ནི་ཕུ་བོས་ཐེག་དཀའ་བའི་ཁུར་བོ་ཞིག་ཡིན་པ་སུས་ཀྱང་རྟོགས་མི་སྲིད།

ད་ནངས་སྔ་མོར།  ཨ་མས་རྨི་ལམ་དུ་བྱིངས་པའི་ཕུ་བོ་མལ་ལས་སློང་དུས།  ཕུ་བོ་ནི་ལོ་ན་སུམ་ཅུར་བུད་པའི་སྟག་ཤར་འགན་ཁུར་ཅན་ཞིག་ལྟར་སྡུག་ཡུས་དང་འཁང་ར་ཅི་ཡང་མེད་པར་ཤར་སེ་ལངས་ནས་བུད་སོང་།  ང་རང་མལ་ས་རུ་གཉིད་མ་སད་ངང་ཡོད་དུས།  འཕྲུལ་རྟའི་ལྡིར་སྒྲ་ཞིག་གསལ་བོར་མཆེད་པ་དང་།  ཅང་མ་འགོར་བར་སྒྲ་དེ་ཐག་ཇེ་རིང་ནས་ཇེ་རིང་དུ་ཕྱིན་པ་ཚོར།  དེ་ནི་ཕུ་བོ་ཡིས་ཨ་ཅེ་དབྱར་རྩྭ་བརྐོ་སར་བསྐྱལ་སོང་བ་ལོས་ཡིན།

རྣམ་ཀུན་ཕུ་བོ་ངེད་གཉིས་ནི་མཉམ་འགྲོ་མཉམ་འདུག་འབའ་ཞིག་བྱེད་པས།  ངས་ཉིན་ཧྲིལ་བོར་ཐག་རིང་དུ་ཕྱིན་སོང་བའི་ཕུ་བོར་ངང་སྒུག་བྱས་ནས་བསྡད།  ཕ་ཡུལ་དང་ལམ་ཐག་སྤྱི་ལེ་ཉིས་བརྒྱས་ཆོད་པའི་སྟེང་ཆེན་འབོ་ཐ་ནི་ཐག་ཅུང་ཙམ་རིང་ཡང་། ཞོགས་པ་སྔ་མོར་ཕྱིན་ན་ཕྱི་དྲོའི་དུས་ཚོད་བཞི་ལྔའི་ཚུན་ཡུལ་དུ་ལྡོག་ཐུབ། དེ་རིང་ང་ཚོས་སྲོད་ཁའི་ཉི་མ་ལ་ཁ་ནས་བཞུད་རག་བར་བསྒུགས་ཀྱང་ཕུ་བོའི་གྲིབ་མ་ཙམ་ཡང་མཐོང་ཡུལ་དུ་མ་གྱུར།  ཕུ་བོར་ཁ་པར་མེད་པས་འབྲེལ་ལམ་ཡང་ཡོངས་སུ་ཆད།  ཁྱིམ་མི་ཚང་མས་སེམས་ཁྲལ་ངང་སྒུག་པ་ལས་ཐབས་ཅི་ཡོད་ཨང་།  དེ་ལྟར་བསྒུགས་ནས་མུན་པ་སྟུག་པོ་ཞིག་ཀྱང་ཕྱོགས་མཚམས་ཀུན་ནས་འཁྲིགས་ཡོང་།

“ཏང་ཏང་ཏང་།”  ཨ་ཕའི་ཁ་པར་གྱི་སྒྲ་གྲག་བྱུང་།  ཕུ་བོ་ནི་འཁོར་བགེགས་བྱུང་སྟེ་མི་ཞིག་གིས་སྨན་ཁང་དུ་བསྐྱལ་ཟིན་ཞིང་རྨས་སྐྱོན་ཚབས་ཆེ་བར་བརྗོད།  ཁྱིམ་མི་ཡོད་ཚད་ངུ་འབོད་ཀྱི་ཀློང་ནས་སྨན་ཁང་དུ་ཕྱིན་པ་ན།  ཕུ་བོ་ཕྱིར་ཡུལ་ལ་ལྡོག་པའི་ལམ་བར་དུ་ཟོང་འཁོར་ཆེན་པོ་ཞིག་གིས་བརྡུངས་ཏེ་བརླ་ཐོག་ནས་བརྫིས་སོང་བས། བརླ་ཡ་དུམ་བུར་བཅགས་ཤིང་ལུས་ཡོངས་ཁྲག་གིས་སྦགས་འདུག    ཕྱིས་སུ།   ཕུ་བོ་དྲག་སྐྱེད་ཏོག་ཙམ་ཕྱིན་པའི་ཚེ།  ཁོར་རྡུང་མཁན་ནི་སྨན་ཁང་དུ་འདྲུད་མཁན་དེ་རེད་ཅེས་གསལ་བོར་དྲན་ནའང་།  སྐབས་དེར། བདེན་དཔང་སོགས་གང་ཡང་མེད་གཤིས།  མི་དེས་ཕུ་བོ་སྨན་ཁང་དུ་བསྐྱལ་རོགས་བྱས་པ་ལས།  ཕུ་བོར་རྡུང་མཁན་ནི་ཁོ་མིན་ཞེས་འཆི་བ་སྲོག་ལ་བབས་ཀྱང་ཁས་ལེན་གཏན་ནས་མི་བྱེད།   རྐྱེན་དེས་ཁྱིམ་མི་ཚང་མའི་སེམས་ངོགས་སུ་རྨ་ཁ་ཆེན་པོ་ཞིག་བཞག་ཅིང་།  བཟོད་སྒོམ་མི་ཐུབ་པའི་ཞེ་སྡང་ཞིག་སྙིང་གི་དབུས་སུ་བསླངས།

ད་ཆ་ཞིབ་ཏུ་འདང་རེ་བརྒྱབ་ན།  དེ་ནི་ཕ་རོལ་པོ་ཁོ་ནའི་ནོར་འཛོལ་ཞིག་ཏུའང་བགྲང་མི་རུང་སྟེ།  ལོ་ན་བཅོ་བརྒྱད་ལའང་མ་སོན་པའི་ན་ཆུང་ཞིག་ལ་དེ་ལྟར་ས་ཐག་རིང་པོར་འཕྲུལ་རྟར་བཞོན་དུ་འཇུག་མཁན་ངེད་ཀྱི་ཕ་མ་ལའང་ནོར་འཁྲུལ་ཆེན་པོ་ཡོད་པ་རེད་ཨང་།      གྲོགས་པོ་ལགས།  དེང་ཕྱིན་འཕྲུལ་འཁོར་ཞེས་པའི་སེམས་མེད་འདིར་ཁ་ལོ་བསྒྱུར་བ་ནས་བཟུང་།  རང་ཉིད་ཀྱི་ཚེ་སྲོག་དང་བདེ་སྡུག་ཡོད་ཚད་རང་ཉིད་ཀྱི་ལག་ཏུ་ཡོད་པར་མ་ཟད།  ཕ་རོལ་པོའི་ཚེ་སྲོག་དང་སྐྱིད་སྡུག་ཀྱང་རང་ཉིད་ཀྱི་ལག་ཏུ་ཡོད་པས།  ཁྱེད་ཀྱིས་བདག་གཞན་གཉིས་ཀྱི་ཆེད་དུ་བློ་རིག་རྩིད་སྐུད་ལྟར་བསྒྲིམས་ཏེ་འགྲིམ་འགྲུལ་སྒྲིག་སྲོལ་ཡོད་ཚད་འགྲིམ་འགྲུལ་ཉེན་རྟོག་པའི་ངག་བཞིན་ལག་བསྟར་གནང་བར་ཞུ།

གྱེར་ཀློག་པ། ཚེ་མགོན་རྒྱལ། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།  

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ། 

 རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ། 

དོ་དམ་པ། བསོད་ནམས་དོན་འགྲུབ།  

ལྟ་སྐུལ་པ། རྟ་མགྲིན་འཚོ།  

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།