

ཀ་རྒྱའི་འཕྲིན་ལས་རྒྱ་མཚོ། (མཚོ་ལྷོ།)
སྐྱ་མོའི་ལམ་ནས་ཁ་ཕྱོགས་སྟོན་མཁན་དང་སྙན་མོའི་ངག་གིས་སེམས་གཏམ་བཤད་མཁན་ཏེ། འགྲུལ་བཞུད་ལམ་སྟོན་གྱིས་ཉིན་རེར་གོ་བའི་ཡུལ་ལ་ཀི་དང་མ་གོའི་ཡུལ་ལ་བརྡ་གཏོང་གིན་ཡོད་པར་མ་ཟད། འགྲིམ་འགྲུལ་ཉེན་རྟོག་པས་ཀྱང་བདེ་འཇགས་རྒྱུན་ཤེས་ཀྱི་སྐོར་དུས་དང་རྣམ་པ་ཀུན་ཏུ་མཛུབ་སྟོན་གནང་གིན་ཡོད་ནའང་། ད་དུང་སེམས་པ་རྒྱ་ཡན་དུ་ཤོར་བའི་ཁ་ལོ་བ་དྲེད་པོའི་རིགས་ཀྱིས་ཁེངས་འདུག་པ་འདི་ག་རེ་ཡིན་ནམ།
ཕྱི་དྲོ་དེར། གནམ་ངོ་དྭངས་ཤིང་གསལ་ལ། ས་ཆེན་པོས་དབྱར་གྱི་ལྗང་ནེམ་གྱི་གོས་ལྭ་འཇམ་པོ་མནབས་ཏེ་མི་སེམས་ལ་དགའ་བ་ཚོད་མེད་པ་ཞིག་སྟེར། བསམ་འགྲུབ་དང་ངེད་གཉིས་རྫོང་མཁར་དུ་བྱ་བ་ཙག་ཙིག་ཅིག་བསྒྲུབས་སུ་སོང་སྟེ་ཕྱིར་ལོག་རྩིས་བྱ་དུས། དུས་ཚོད་ཀྱི་མདའ་རྩེ་ཕྱི་དྲོའི་ཆུ་ཚོད་དྲུག་བརྒལ་འདུག་མོད། བསམ་འགྲུབ་ཀྱིས་དལ་བྲེལ་མེད་པར་འོ་ཇ་འཐུང་སྟེ་སྡོད་པའི་ཉམས་སྣང་དེས་ང་ལ་བྲེལ་འཚུབ་བཟོད་གླགས་མེད་པ་ཞིག་སྦྱིན་བྱུང་། ངས་བསམ་འགྲུབ་ལ། ད་ནི་ས་རུབ་ལ་ཉེ་བས་ལམ་དུ་ཆས་ན་བཟང་ཞེས་ཡང་ཡང་བསྐུལ་མོད། ཁོས་སྒོ་ན་རླངས་འཁོར་བྱ་འདྲ་བ་ཞིག་བཞག་ཡོད་པ་ཀན་མི་རིག་གམ། ད་ལོའི་སྟོན་ཁར་གཡག་འབྲོང་འདྲ་བ་དགུ་བྱིན་ནས་ཉོས་པ་ཡིན་ཟེར་ནས་འགྲོ་བའི་ཚུགས་ཀ་མི་འདུག་པས། ཆུ་ཚོད་བདུན་གྱི་སྟེང་ནས་མ་གཏོགས་ལམ་ལ་ཆས་མ་ཐུབ། སྐབས་ཤིག་ལ། ངས་འཆར་ངོས་ཀྱི་མྱུར་ཚད་ཨང་གྲངས་ཟིན་ཐོ་ལས་བརྒལ་འདུག་པ་མཐོང་སྟེ། ཁོར་གསལ་འདེབས་ཀྱི་ཚུལ་དུ་འདི་ལྟར་རྒྱུག་ན་ལམ་དུ་མྱུར་ཚད་འཇལ་བྱེད་ཀྱི་གློག་མིག་ཡོད་པས་ཆད་པ་གཅོད་ངེས་ཞེས་བཤད་པ་ན། ཁོས་རླངས་འཁོར་ལམ་འགྲམ་དུ་འདུག་ཏུ་བཅུག་ཅིང་སར་བབས་ནས་རླངས་འཁོར་གྱི་ཨང་བྱང་བླངས་ཏེ་ལག་ཏུ་བསྣམས་ནས་ཐོན་བྱུང་། སྐབས་དེར། ང་ནི་རང་ཉིད་ཀྱི་མིག་ལའང་ཡིད་མི་ཆེས་པ་ལྟར་གྱུར་ཅིང་། ཧ་ཅང་སྐྲག་ཐག་ཆོད་པའི་ངང་སྒྲིག་འགལ་དེ་འདྲ་བྱེད་མི་རུང་། དེའི་མཇུག་འབྲས་ཚབས་ཆེན་རེད་ཅེས་བཤད་མོད། ཁོས་སྣང་མེད་ངང་ཁྱོད་རྟ་མེད་པ་ཞིག་གིས་རྟའི་རྒྱུ་མཚན་ཇི་ལྟར་ཤེས། འདི་གྲོང་ཁྱེར་མ་རེད། མཐོ་སྒང་རྩྭ་ཐང་ཆེན་མོ་རེད། ཧ་གོ་བྱུང་ངམ་ཟེར།
“འཕུར་ཡ། མ་འཕུར་ན་རེ་བ་ཟད་རྒྱུ་རེད། མ་འཕུར་ན་མི་ཚེ་ཚར་རྒྱུ་རེད།” རླངས་འཁོར་གྱི་སྒྲ་སྐྱེད་ལས་གྲགས་འོང་བའི་སྙན་འཇེབས་ཀྱི་གླུ་སྐད་ལ་ཉན་ཞོར་ཡུད་ཙམ་སོང་བ་ན། རླངས་འཁོར་གྱི་མྱུར་ཚད་མགྱོགས་པའི་དབང་གིས་ལམ་འགྲམ་གཡས་གཡོན་གྱི་རི་བྲག་ནགས་གསུམ་ཡོད་ཚད་ཀྱང་ལྟག་རྒྱབ་ཏུ་ཆུ་བཞུར་བ་དང་ཀུན་ནས་མཚུངས་ཨང་། དེ་དུས་ངའི་སེམས་ལ་རང་ཉིད་རང་གིས་བསྐྱོབ་མ་ཐུབ་ན། བསམ་འགྲུབ་ལ་མི་ཆོས་གནས་ལུགས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གང་བཤད་ཀྱང་སྤྱང་ཀིའི་རྣ་བར་ཆོས་བཤད་རེད་སྙམ་སྟེ་སྐྱོབ་ཐག་དམ་པོར་བཅིངས་ཤིང་། ལག་ཟུང་རྐུབ་སྟེགས་ལ་དམ་པོར་འཇུས་པ་ཡིན། ཁོའི་རྒྱབ་མཐོང་མེ་ལོང་ནས་ངའི་ཚུགས་ཀ་མཐོང་རྗེས་ཁ་ཕྱིར་འཁོར་ནས་གད་མོ་ཆེ་ཆེར་དགོད་ཀྱིན་འདུག ངས་ཁོ་ལ་འགྲིམ་འགྲུལ་བདེ་འཇགས་དང་ཚེ་སྲོག་ནི་གལ་ཆེན་ཡིན་པས། འདི་ལྟར་གླེན་རྟགས་བསྟན་ན་ཆག་སྒོ་ཚབས་ཆེན་འབྱུང་ངེས་རེད། དེ་བས་ག་ལེར་སྐྱོད་ཅིག་ཅེས་བཤད་མ་ཚར་གོང་། གློ་བུར་དུ་ཁྲོག་སྒྲ་ཞིག་དང་མཉམ་དུ་རླངས་འཁོར་མགོ་རྟིང་སློག་སྟེ་ངའི་མགོ་ནང་དུ་ནག་ཐོམ་མེར་གྱུར་སོང་།
དུས་ཡུན་ཅི་ཙམ་འགོར་བ་མ་ངེས་མོད། དྲན་པ་སོས་དུས་གོས་དཀར་གྱོན་པའི་སྨན་པ་དག་གིས་ངེད་གཉིས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་ཚོར། ཕྱིས་སུ། ངས་བསམ་འགྲུབ་ལ་རྒན་པས་གཞོན་ཚོད་མ་ཟིན་ན་གླང་པོ་ཆེ་ཡི་རོ་ལྟོས། ། རང་གིས་རང་ཚོད་མ་ཟིན་ན་ལུང་གསུམ་ཝ་མོའི་རོ་ལ་ལྟོས། ། ཞེས་པ་ནང་བཞིན། ཁྱོད་ཀྱིས་རང་ཚོད་མ་ཟིན་པར་སྒྲིག་འགལ་བྱས་པའི་ཆག་སྒོ་ལས། ངེད་གཉིས་འདི་ལྟར་སྡུག་ལ་སྦྱར་བར་ལྟོས་དང་། ཨེན་ཙམ་མིན་ན་ཚེ་སྲོག་ཀྱང་ཤོར་སོང་བ་རེད་ཅེས་བཤད་དུས། ཁོས་ཀྱང་མགོ་བོ་འཕྲེད་དུ་གཡུག་ཞོར། ད་བཤད་སྲོལ་མེད། རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་ཟེར་བ་བཞིན། ནོར་འཆུག་ཐེངས་གཅིག་གིས་རླངས་འཁོར་གོང་ཆེན་ཞིག་ལྕགས་ཆག་ཏུ་གྱུར་པར་མ་ཟད། སྨན་ཡོན་ཀྱང་འབོར་ཆེན་ཞིག་ཤོར་སོང་ཟེར་ནས་ཞེ་སྡུག་པའི་ཚུགས་ཀ་སྟོན། ཁོའི་སེམས་ན་ད་དུང་རླངས་འཁོར་དང་སྨན་ཡོན་ལས་མི་འདུག་མོད། ང་ནི་རང་གི་རྙེད་པར་དཀའ་བའི་ཚེ་སྲོག་འདི་ཆག་སྒོ་ཞིག་ལས་ཐར་བར་དགའ་བ་ཚད་མེད་པ་ཞིག་སྐྱེས་ཤིང་། མི་ཚེའི་རིན་ཐང་ནི་སྒོར་མོ་ཞིག་གིས་ཉོ་ཐུབ་པ་མིན་པར་དེ་ལ་གཅེས་སྲུང་བྱེད་དགོས་པའི་འདུ་ཤེས་དྲག་པོ་ཞིག་ལུས་ངག་ཡིད་གསུམ་ཀུན་ཏུ་ཁྱབ་སོང་།
མདོར་དེད་ན། ཚེ་སྲོག་གི་སྲུང་སྐྱོབ་ནི་ཚུལ་ལྡན་གྱི་མི་ཞིག་བྱེད་རྒྱུ་དེ་རེད་ལ། ཚུལ་ལྡན་གྱི་མི་ཞིག་བྱེད་པར་འགྲིམ་འགྲུལ་བདེ་འཇགས་ལྟ་བུ་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཤ་འདྲེས་པགས་འདྲེས་སུ་ཡོད་པའི་རྒྱུན་ཤེས་ཆེ་མ་ཆུང་གསུམ་ཀུན་དང་འབྲེལ་འདུག་པས་ན། ང་ཚོས་ཆུང་ས་འགྲིམ་འགྲུལ་བདེ་འཇགས་ནས་མགོ་བརྩམས་ཏེ་ཆེ་སའི་ཚེ་སྲོག་གཅེས་སྲུང་ལ་འབད་ན་མི་ལེགས་སམ།
གྱེར་ཀློག་པ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། རྟ་མགྲིན་འཚོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
