

(རྨ་ལྷོ) འབའ་སྟོད་དཔལ་ཆེན་རྡོ་རྗེ།
སྤྲིན་པའི་སྲུབས་ཀ་འཐོར་མཚམས་ནས་ཁ་བ་ཤུར་ཤུར་འབབ་ཅིང་། ཁ་ཕྱོགས་ལ་ངེས་པ་མེད་པའི་ཙག་རླུང་ལྡོམ་པོ་དག་ཕྱོགས་མེད་ལྡང་ཡོང་བའི་དུས་ཚིགས་དེ་ནི་དགུན་མཇུག་ཅིག་གམ། ཡང་ན། དཔྱིད་སྟོད་གང་ཞིག་ཡིན་མིན་དེ་ནི་ང་ལའང་གསལ་བོ་ཞིག་བཤད་རྒྱུ་མི་འདུག་མོད། ཉིན་དེའི་གྲང་རེག་དང་བུ་ཡུག་གི་ཚུར་རྒོལ་དེ་ཤ་དང་རུས་པས་ད་དུང་ཡང་བརྗེད་རྒྱུ་ཞིག་མི་འདུག མ་ཟད་དེ་དུས་ནི་ཁོ་བོ་མཐོ་འབྲིང་འགྲིམས་པའི་དུས་རིམ་དུ་ཏག་ཏག་ཁེལ་ཡོད་པས། བར་སྐབས་ཤིག་ལ་གུང་གསེང་བཏང་ནས་ཡུལ་ལ་ལོག་སྟེ། ཕྱིར་སློབ་གྲྭར་ཆས་རན་པའི་ཉིན་ཞིག་ཡིན་པ་ཧ་ལམ་གསལ་ཁ་ཆོད་ཡོང་།
ཕ་ལགས་ཀྱིས་ང་རང་བསྐྱལ་ནས་རྫོང་མཁར་དུ་འབྱོར་དུས། ཁ་བ་ད་དུང་ཡང་མུ་ནས་མུ་རུ་འབབ་ཅིང་། གཞུང་ལམ་ཧྲིལ་བོ་འཁྱག་པ་དར་གྱིས་གཡོགས་ཡོད་པས། ལམ་ངོས་ཀྱི་མི་དང་འཁོར་ལོའི་རིགས་ནི། སོ་སོའི་དམིགས་སའི་ཡུལ་ལ་འགྲོ་ཟེར་བ་ལས་ཤུད་ཅེས་བཤད་ན་འགྲིག་པར་སྙམ། ཕ་ལགས་དང་ངེད་གཉིས་ཀྱིས་ཁྲེས་པོ་ཁུར་ཏེ་རླངས་འཁོར་འབབ་ཚུགས་སུ་འབྱོར་དུས། སློགས་གྲོགས་འགའ་ཡང་སྔ་མོ་ནས་དེ་གར་སླེབས་འདུག་ཅིང་། ཁྱིམ་བདག་འགས་དེ་གར་གྲོས་ཤིག་བྱས་མཐར། གཞི་ནས་རེབ་གོང་ཕྱོགས་སུ་འགྲོ་བའི་ཁ་ལོ་བ་བཟང་པོ་ཞིག་རྙེད་བྱུང་བས་སེམས་བདེ་མོ་བྱས་ཆོག་ཟེར། མ་གཞིར་ཁ་ལོ་བ་ནི་ངའི་ཨ་བང (ཨ་ནེའི་ཁྱོ་བོར་ཨ་བང་དུ་འབོད) ལགས་ཡིན་པ་དང་། ཁོ་རང་རླངས་འཁོར་གཏོང་བར་ཡང་ཤིན་ཏུ་འཇོན་པས། ང་ཡང་སེམས་བདེ་བག་ཕེབས་ངང་ལམ་གྱི་འཇིགས་སྣང་དང་གྲང་རེག་ཀྱང་རེ་ཞིག་བརྗེད་པར་གྱུར། ཨ་བང་ལགས་ཀྱི་རླངས་འཁོར་ནི། མ་གཞི་ནས་མི་བདུན་ཤོང་ཐུབ་པ་ཞིག་ཡིན་མོད། ཉིན་དེར་ང་ཚོར་མི་མང་བས། མི་བརྒྱད་ལྷན་དུ་འཚངས་ནས་ལམ་ལ་ཆས་པ་ཡིན། ཁ་བ་ནི་ད་དུང་མཚམས་མི་ཆད་པར་འབབ་ཅིང་ལྷགས་པའང་སྔར་བཞིན་ལྡང་ནའང་། ང་ཚོས་ལམ་རྒྱགས་ཟ་ཞོར་དང་ཁ་བརྡ་བྱེད་ཞོར། ཤུལ་ཐག་རིང་བའི་ལམ་གྱི་ཕྱེད་ཀ་མགྱོགས་ཤིང་བདེ་བའི་རླངས་འཁོར་གྱི་འགྲོས་ཀྱིས་ཇི་ལྟར་བཅད་པའང་ཡེ་ནས་མ་ཚོར། རི་ལ་ཐང་མེད་པར་ཁ་བས་གཡོགས་པས། སྣུམ་ལམ་ནི་གང་ཞིག་ཏུ་འཐེན་ཡོད་མེད་ཀྱང་མི་ཤེས་མོད། ཨ་བང་ལགས་ཀྱིས་བྱང་ཆ་ལྡན་པའི་ངང་ནས་རླངས་འཁོར་བསྐོར་ཏེ་ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ་དང་། ཁིས་ཉག་ཁ་སྒྲོག་གུ་རྟོལ་རྟོལ་བྱས་ཏེ་བགྲོད་ལམ་སྟེང་གི་རླངས་འཁོར་རེ་རེ་བཞིན་རྒྱབ་ཏུ་བསྐྱུར་ནས་མདུན་དུ་བསྐྱོད།
རླངས་འཁོར་ཅུང་མགྱོགས་པས་ལན་ནམ། སྐབས་ཤིག གློ་རྡེག་ལ་རླངས་འཁོར་ལམ་ངོས་ནས་འདྲེད་བརྡབ་ཤོར་ཏེ། བསམ་དབང་དྲན་དབང་གང་ཡང་མེད་པར་གཡས་སྐོར་གཅིག་བྱས་རྗེས་ཁ་ཕྱིར་འཁོར་ཞིང་། གཡས་ཕྱོགས་ཀྱི་འཁོར་ལོ་གཉིས་ནི་སར་མ་བབས་པར་ཡར་བཀྱགས་ཤིང་། རླངས་འཁོར་འགྱེལ་ལ་ཁད་ཅིག་གིས་ལམ་འགྲམ་གྱི་ལྕགས་དྲར་ཁེན་ནས་བསྡད་བྱུང་། གློག་ལྟར་མྱུར་ལ་འཇའ་ལྟར་ཡལ་བའི་སྐད་ཅིག་མའི་ཛ་དྲག་གི་སྣང་ཚུལ་དེ་ནི་ཅི་འདྲའི་སྐྱི་གཡའ་བ་ཞིག་རེད་ཨང་། ལྕགས་སྐུད་རྐྱ་མ་འགས་ཚེ་སྲོག་བརྒྱད་སྐྱོབ་ཐུབ་སོང་བ་ཡིན་ནམ། ཡང་ན་འཆི་བདག་གིས་ང་ཚོ་ཚེ་ཐར་དུ་བཏང་བ་ཡིན་ནམ། ལམ་གྱི་གཤམ་འོག་ནི་རྡོ་བས་ཁེངས་པའི་དགུ་ཆུའི་གྲམ་གཞུང་དུ་ཁེལ་ཡོད། སྟབས་མ་ལེགས་པར་དེ་གའི་གཡང་གཟར་དུ་ལྷུང་ཚེ། ཚེ་སྲོག་ཅིག་གསོན་པའི་གོ་སྐབས་ནི་ཧ་ལམ་ཡོད་མི་སྲིད་པས། སྐབས་དེར། སྲོག་ཉེན་ལས་ཐར་བའི་ང་ནི་གཟེབ་ལས་ཤོར་བའི་བྱེའུ་ཞིག་དང་འདྲ་བར་ཧོན་འཐོར་ནས་ཡུན་རིང་ལུས། དེ་ལྟར་འཆི་བདག་གི་ཀུ་རེ་ཐེངས་ཤིག་གི་རྩེད་མཚར་ལས་ང་ཚོ་སད་པར་གྱུར་ཅིང་། ང་ཚོས་རང་ཉིད་གསོན་པོར་གནས་པ་ལའང་ཡིད་ཆེས་དཀའ་བའི་སྣང་བ་ཞིག་སྐྱེས་ཡོང་བར་མ་ཟད། དུས་ད་ལྟའང་ཨ་བང་ལགས་ཀྱིས་ཉིན་དེར་ཨེན་ཙམ་མིན་ན་ངས་ཁྱོད་ཚོ་བསད་སོང་ཟེར་བས། ད་ཆ་རང་གིས་རླངས་འཁོར་བཏང་སྟེ་ལམ་དེ་བརྒྱུད་ཐེངས་རེ་རེར། སེམས་ཀྱི་ག་ཤེད་ཅིག་ཏུ་དངངས་འདར་ཅིག་འགོག་མེད་དུ་སྐྱེས་ཡོང་།
དུས་ཚོད་ཀྱི་གཙང་བོས་ཡོད་ཚད་རྒྱང་དུ་ཁྱེར་ཞིང་། ང་རང་འདང་རྒྱག་གང་ཡང་མེད་པར་སྒོ་སམ་ལ་ཁ་གཏད་དེ་ཙོག་ནས་འདུག་མཁན་གྱི་སློབ་མ་ཞིག་ནས། སེམས་ཁྲལ་ཤིན་ཏུ་ལྕི་བའི་ཁྲིད་སྟེགས་ལས་འགྲེང་ནས་འདུག་མཁན་གྱི་དགེ་རྒན་ཞིག་ཏུ་གྱུར་སོང་། དུས་དེ་ནས་བཟུང་སྟེ། འདང་རྒྱག་མེད་པའི་ཁ་ལོ་བ་ཚོས་རླངས་འཁོར་ཆུང་ཆུང་ཞིག་ཏུ་སློབ་མ་དྲུག་བདུན་ཙམ་བཙུད་ནས་ཡོང་ཐེངས་རེ་རེ་དང་། འཕྲུལ་རྟ་གཅིག་གི་རྒྱབ་ལ་སློབ་མ་གཉིས་གསུམ་ཙམ་མཉམ་དུ་ཞོན་ནས་འཕུར་བསྐྱོད་བྱེད་ཐེངས་རེ་རེར། ང་ལ་སེམས་ཁྲལ་ལྷག་མ་ཞིག་བསམ་པའི་གཏིང་རིམ་ནས་མེ་རི་བཞིན་འཕྱུར་ཡོང་བར་མ་ཟད། ངས་རྒྱུན་པར་སློབ་མ་དང་སློབ་མའི་ཁྱིམ་བདག་དག་ལ་རང་གི་མྱོང་བ་དངོས་དེ་དམར་དཔེ་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་ཁ་ཏ་དང་སློབ་གསོ་མང་པོ་དབང་མེད་གཏོང་དགོས་པ་ཞིག་ཏུ་འདུག་གོ །
གྱེར་ཀློག་པ། ཚེ་རིང་སྒྲོལ་མ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། རྟ་མགྲིན་འཚོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན།
