བདེ་འཇགས་ནི་རང་ཡུལ་དུ་ལོག་པའི་ལམ་བུ་ཐག་ཉེ་ཤོས་ཡིན།༼བསྡུས་རྩོམ།༽
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

                                                         ཞོ་ར་བསམ་འགྲུབ་རྒྱལ། (ཟི་ཁྲོན།)

སྐྱི་གཡའ་བའི་དོན་རྐྱེན་འདི་བྱུང་ནས་ཏག་ཏག་མི་ལོ་ཉི་ཤུ་ལྷག་འགོར་ཏེ།  ད་ནི་སེམས་ཀྱི་ཉིན་སྲིབ་ཏུ་སྡུག་གི་ཐེམ་པ་ག་ཙམ་ཞིག་བསྐྲུན་ཀྱང་།  ཕྱིར་དྲན་གྱི་ཀློང་ལ་ཉུལ་དུས།  མངོན་སུམ་གྱི་བྱུང་བ་འདིར་རང་ཉིད་ཇི་ལྟར་ཡིད་ཆེས་དགོས་པ་ཡང་ཤེས་མ་སོང་།འཚོ་བའི་ཁྲོད་དུ།  བ་མོའི་རྫི་བོར་འགྲོ་རྒྱུ་ནི་ཞིང་གྲོང་ནས་སྐྱེས་པའི་མི་ཞིག་ལ་མཚོན་ན།  བྱིས་དུས་ཀྱི་གོ་རིམ་དང་ཁ་དོག་ཡུག་གཅིག་ཏུ་འཐེན་པ་ལྟར་སྙིང་དུ་སྡུག་ཅིང་།  དུས་ཚོད་ཀྱི་གཙང་ངོགས་ནས།  ཡོད་ཚད་འདི་ལྟར་རྒྱང་ནས་རྒྱང་དུ་བདས་ཀྱང་།  རང་སྡེ་བའི་ཁྱིམ་ཚང་རེ་རེ་སྔར་བཞིན་རེས་མོས་ཀྱིས་རྫི་བོར་འགྲོ་བ་ནི།  ངའི་དྲན་པའི་ཁྲོད་མི་ཡུལ་གྱི་ཆེས་མཛེས་པའི་འཚོ་བའི་ཆ་ཤས་འབའ་ཞིག་གོ །ཚ་གདུག་ཆེ་བའི་ཉིན་དེའི་སྔ་དྲོར།  ངས་ནམ་རྒྱུན་ལྟར་བྲོ་ཁུག་ཆུང་ཆུང་ཞིག་རྒྱབ་ཏུ་འཁུར་ཅིང་།  བ་མོ་ཉི་ཤུ་ལྷག་ལ་ལྕགས་ཚན་འཕྱར་བཞིན་རི་མགོར་ཕྱིན་པ་ཡིན།  ལམ་ཐག་རིང་བོ་ཇི་ལྟར་བརྒལ་ཡང་།  གདོང་གི་རྔུལ་ཆུའི་དོག་པ་ཁོ་ན་ལས།   སེམས་སུ་སྔར་བཞིན་དྲོད་ཁོལ་གྱིས་ཁེངས་ཡོད།  རི་མགོར་སླེབས་མ་ཐག་ཏུ།   ས་གཞིའི་ཁྱོན་ལ་ཉི་འོད་ཀྱིས་ཡོངས་སུ་དཀྲིས་ཤིང་།  ནམ་མཁའ་རུ་སྤྲིན་པ་སེན་མོ་ཙམ་ཡང་མི་འདུག  བ་མོ་དག་ཁྱུ་དང་ཁྱུ་བྱས་ཏེ་བག་ཡངས་ཀྱིས་རྩེན་པ་མཐོང་དུས།   ང་རང་དེའུ་འབུར་ཞིག་གི་སྟེང་བསྡད་དེ་ངལ་གསོ་དང་བཅས་རྒྱང་ལྟ་བྱས་པ་ཡིན།སྐབས་དེར།   གློ་རྡེག་ཏུ་བྱ་འཕུར་བ་བཞིན་རྒྱུག་ཡོང་བའི་རླངས་འཁོར་ཞིག་ང་དང་ཐག་མི་རིང་བའི་གཞུང་ལམ་གྱི་དཀྱོགས་མཚམས་ཤིག་ཏུ།  འཁོར་སྒག་སྡོམ་དབང་མེད་པར་ལུང་ཁུག་ཅིག་ཏུ་ཆོམ་སྒྲ་དང་བཅས་ལྷུང་སོང་།  རླངས་འཁོར་ནང་གི་མིའི་ཨག་སྐད་སྣ་ཚོགས་ཀྱིས།  ང་ལ་མིག་མདུན་གྱི་བྱུང་བ་དོན་དངོས་ཡིན་པའི་ར་སྤྲོད་བྱས་སོང་།  དེ་མ་ཐག་ཏུ།  ཐོག་མའི་ཀུན་སློང་ཅི་ཡིན་མི་དྲན་མོད།  ང་རང་འཚུབ་ཆ་དང་བཅས་དེའི་ཕྱོགས་སུ་རྒྱུགས་པ་ན།  མ་གཞིར་ནང་ལོགས་ཀྱི་བཟའ་མི་གསུམ་ཡིན་ལ།  རླངས་འཁོར་གྱི་སྔུན་ཤེལ་དང་འཁོར་ལོ་བཅས་ཁ་ཆག་སྣ་རལ་དུ་གྱུར་འདུག  སྟབས་འགྲིག་པ་ཞིག་ལ།  ཁ་ལོ་བའི་གདོང་ལ་རྨ་ཅུང་ཙམ་དང་བདེ་འཇགས་དབུགས་རྐྱལ་དེ་མུར་བཀད་པ་ལས།  ཁོང་ཅག་བཟའ་མིའི་ཚེ་སྲོག་ལ་ཉེན་ཁ་ཅི་ཡང་མེད་པ་མཐོང་འཕྲལ།  རེ་ཞིག་ཚེ་སྲོག་དང་མགྱོགས་ཚད་ཀྱི་ཡང་སྙིང་རྟོགས་ཤིང་། དུས་ཚོད་སྐར་ཆ་གཅིག་གི་ཡུན་དུའང་རང་སེམས་རྒྱ་ཡན་དུ་ཤོར་མི་རུང་བའི་བསླབ་བྱ་རྙེད།   དེ་མུར་ཉེ་འགྲམ་དུ་ཡོད་པའི་རྒྱ་མོ་དེས་རང་གི་བྱིས་པ་པང་དུ་ཡང་ཡང་གླན་ཞོར།  ངུ་ཤུམ་སྣ་ཚོགས་བྱེད་པ་མཐོང་ན།  རང་བྱུང་གི་གོད་ཆག་དང་ཆག་སྒོ་སྣ་ཚོགས་ཀྱི་ཁྲོད་དུ།  མིའི་ཚེ་སྲོག་ནི་འདི་འདྲའི་ཉམ་ང་ཉག་ཕྲ་ཡིན་པ་ཁོ་ནས། འཚོ་བའི་གྲུ་ཟུར་དུ་བཞད་པའི་བདེ་སྐྱིད་ཀྱི་མེ་ཏོག་ཡོད་དོ་ཅོག་ལ་གཅེས་སྤྲས་བྱ་འོས་ཤིང་། སོ་སོའི་འགྲུལ་བཞུད་ཁྲོད་བདེ་འཇགས་ནི་ད་གཟོད་རང་ཡུལ་དུ་ལོག་པའི་ལམ་ཐག་ཉེ་ཤོས་ཡིན་པའི་ངེས་ཤེས་སྐྱེས་ཡོང་།  བརྒྱ་ལ་གོང་གི་བཟའ་མི་འཁོར་དང་བཅས་པའི་ཚེ་ཡི་འཕེན་པ་གནས་འདིར་རྫོགས་ཡོད་ན།  ཕལ་བའི་ཁྱིམ་ཚང་འདིའི་བདེ་སྐྱིད་དང་།  མ་འོངས་པའི་རེ་བའི་ལམ་བུ་མག་མོག་ཏུ་ཆགས་པར་མ་ཟད།  རང་ཡུལ་ལ་ལོག་པའི་ཁ་ཐག་ཇེ་རིང་དུ་གྱུར་པ་མིན་ནམ།  ཡང་ན་དེ་འདྲའི་གོ་སྐབས་ཤིག་གཏན་དུ་མེད་ཀྱང་སྲིད།མདོར་ན།  འཆི་བདག་གི་ཞགས་པས་མ་ཟིན་པའི་དོན་རྐྱེན་འདིས།  འུ་ཅག་སུ་ལ་མཚོན་ཡང་། མ་འོངས་འགྲུལ་བཞུད་ཀྱི་ཁྲོད་གོ་སྐོན་བློ་འགུགས་ཀྱི་སློབ་གསོ་ལེགས་པར་བསྩལ་ཏེ།  བདེ་འཇགས་ནི་བདེ་སྐྱིད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཉག་ཅིག་ཏུ་ཟད་པས།  འཚོ་བའི་ཁྲོད་ཁ་ལོ་བའི་སྲུང་བྱ་དག་སྤྱི་བོར་བཀུར་ཏེ།  ལག་ལེན་དུ་གདབ་ཐུབ་པ་བྱུང་ན།  རང་ཡུལ་དུ་ལོག་པའི་ལམ་བུ་ཐག་ཉེ་ཤོས་དེ།  ནམ་ཡང་ཁྱོད་ཀྱི་རྐང་འོག་ལ་འཐེན་ཡོད་པ་ནི་གོར་མ་ཆག་གོ།

གྱེར་ཀློག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་པ་དང་མདོ་འཛིན་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ།   རྟ་མགྲིན་འཚོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།


ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན།