

ཁ་དྲག (རྨ་ལྷོ།)
ཉིན་འགར་གནམ་ངོ་བསྟུད་མར་རུབ་ནས་བསྡད་པས། སྡེ་བའི་སྲང་ལམ་ཀུན་ཏུ་འདམ་བག་ནི་བསམ་གཟས་ནས་གཡོས་ཡོད་པ་འདྲ། སྙིང་རྗེ། ཨ་ཁུ་བཀྲ་ཤིས་ཀྱང་སྟོན་མཇུག་འདིའི་གནམ་ངོ་དང་བསྡོངས་ནས་བུད་སོང་།
ཨ་ཁུ་བཀྲ་ཤིས་ནི་རང་ཚུགས་དང་སྤྱི་སེམས་ཅན་གྱི་མི་ཞིག་ཡིན་ཞིང་། ཀུན་སྤྱོད་དང་ལྷག་བསམ་གྱི་ངོས་ནས་བཤད་ན་དངོས་གནས་ཀུན་གྱི་མིག་དཔེར་རུང་མོད། མཐའ་འཁོར་གྱི་མིས་འདིའི་ཐད་ལ་ཡིད་འཇོག་མ་བྱས་པའམ་ཕྲག་དོག་གིས་བརྩི་བཀུར་དང་གཟེངས་བསྟོད་ཅི་ཡང་བྱས་མ་མྱོང་། ལོ་འགའི་སྔོན་ལ་སྲིད་གཞུང་གིས་ཁོ་ལ་ཁོར་ཡུག་སྲུང་སྐྱོབ་དང་རྩྭ་ས་བདག་གཅེས་ཀྱི་མཚན་སྙན“ས་སྲུང་བ་ཆེན་མོ་ཨ་ཁུ་བཀྲ་ཤིས”ཞེས་པ་བསྩལ་ནའང་། ཉེ་འཁོར་གྱི་ཕྲག་དོག་ཅན་དག་གིས་སྔར་བཞིན་ཁོ་འབོད་དུས་སུ་མཚང་མིང་གིས་འབོད་པ་རེད།
ཨ་ཁུ་བཀྲ་ཤིས་ནི་མི་ཞིབ་མོ་ཞིག་ཡིན་པས་ཁོས་དོན་དག་ཆེ་ཆུང་ཅི་ཞིག་བསྒྲུབས་ཀྱང་སེམས་ཆུང་ཡང་ཆུང་བྱེད་པ་རེད། དེང་མ་རྟ་ལ་མ་ཞོན་གོང་དུ་རྟའི་སྒ་དང་སྲབ་སོགས་ལ་ཞིབ་བཤེར་བྱས་རྗེས་ད་གཟོད་ཞོན་པ་དང་། རྗེས་སུ་འཕྲུལ་རྟ་ཞོན་དུས་ཀྱང་གོང་དང་འདྲ་བར་འཕྲུལ་རྟའི་ལྷུ་ལག་ལ་ཞིབ་བཤེར་བྱེད་མི་ཤེས་མོད། སྣུམ་མ་ཚར་གོང་ལ་ཡང་ནས་ཡང་དུ་བསྣོན་པ་རེད། དོན་དག་ཆུང་ཆུང་འདི་དག་ནི་མཐའ་འཁོར་གྱི་མི་རྣམས་ལ་མཚོན་ན་དགོད་ཁ་འཆོར་བའི་དོན་དག་ཅིག་དང་འདྲ་བས། ཀུན་གྱིས་ཁོ་རང་ཁས་མི་ལེན་པ་ཡང་འདི་དག་དང་འབྲེལ་བ་ཡོད་པ་འདྲ། འབྲོག་པ་རྣམས་ཀྱིས་རླངས་འཁོར་ཉོ་དུས་ཀྱང་རང་ལ་བསྐོར་ཡིག་ཡོད་མེད་སོགས་ལ་ཁ་ཡ་གཏན་ནས་མི་བྱེད་མོད། ཨ་ཁུ་བཀྲ་ཤིས་ཀྱིས་ལམ་ཐག་རིང་བོའི་དཀའ་ངལ་ལ་མ་འཛེམ་པར་ལོ་གཅིག་གི་དུས་ཚོད་བེད་སྤྱད་དེ་ད་གཟོད་བསྐོར་ཡིག་བླངས་པ་རེད།
ལོ་གཉིས་ཀྱི་སྔོན་ལ། ཨ་ཁུ་བཀྲ་ཤིས་ཀྱིས་རང་གི་ཆ་རྐྱེན་དང་བསྟུན་ཏེ་ལག་བརྒྱུད་རླངས་འཁོར་སྟབས་བདེ་ཞིག་ཉོས་ནས་རུ་ནང་ལ་འགྲོ་སྤྱད་བྱས་པ་རེད། དངོས་གནས། ཁོས་འབྲོག་སའི་རུ་ནང་ལ་འགྲོ་བ་དང་དེ་ནས་ཡུལ་ཚོར་སྣུམ་སྣོན་དུ་འགྲོ་བ་ལས་གང་ལ་ཡང་མི་འགྲོ། དེ་བས། ཁོ་ལོ་གཅིག་གི་ནང་དུ་སྤྱི་ལེ་སྟོང་གཅིག་ལའང་རྒྱུགས་ཀྱིན་མེད་པས། མི་རྣམས་ཀྱིས་ཁོའི་རླངས་འཁོར་ལ་གཏེར་རྫས་ཞེས་འབོད་པ་རེད། ཡིན་ནའང་། སེམས་ཆུང་གིས་མ་ཐུབ་པའི་དོན་དག་ཅིག་མ་ཤེས་པའི་རྨོངས་པ་ལས་མཆོངས་ནས་ཐོན་བྱུང་། དེ་ནི་ཨ་ཁུ་བཀྲ་ཤིས་ཀྱིས་དགོང་ཇ་འཐུང་རྗེས་རུ་ནང་ལ་འགྲོ་བའི་ལམ་ཁར་དོན་རྐྱེན་ཞིག་བྱུང་བ་དེ་རེད། ལ་ལས་བཤད་ན་རུ་ནང་ལ་འགྲོ་བའི་ལམ་ཁར་ཁོ་གྲོགས་པོ་ཚང་ལ་རུ་ཉུལ་དུ་སོང་བ་རེད་ཟེར། ལ་ལས་བཤད་ན་དོན་དག་གཞན་ཞིག་རེད་ཟེར། གང་ལྟར། ཁོ་ལམ་ངོས་གཟར་ས་ཞིག་ཏུ་སོང་བས་རླངས་འཁོར་གྱི་འཁོར་བསྒགས་ཆད་ནས་གད་པར་ལྷུང་སོང་།
ཉེན་རྟོག་པས་ཞིབ་བཤེར་བྱས་པ་བརྒྱུད་ཨ་ཁུ་བཀྲ་ཤིས་ཀྱི་རླངས་འཁོར་ལ་ལོ་འགར་ཚད་ལྡན་ཞིབ་དཔྱད་བྱས་མེད་པས། འཁོར་བསྒགས་ཀྱི་གཅུ་འཛེར་ལྷོད་ནས་དོན་དག་འདི་བྱུང་བ་རེད་ཟེར། ཁོ་རང་སྨན་ཁང་དུ་བསྐྱལ་རྗེས་ཅུང་ཟད་བདེ་ལ་བབས་པས་གཉེན་ཉེ་ཚང་མས་ལེ་འདེད་ཀྱི་ཚུལ་དུ་ཁོ་ལ་ཞིབ་དཔྱད་ཀྱི་དོན་དེ་བཤད་པ་ན། ཁོ་རང་འགྱོད་པ་དྲག་པོ་སྐྱེས་བཞིན་རླངས་འཁོར་ལ་ཞིབ་དཔྱད་དགོས་པ་མ་ཤེས་ཟེར། ཡིན་ནའང་། ཉིན་འགའ་འགོར་རྗེས་ཁོའི་ནད་གཞི་ཇེ་སྡུག་ཏུ་བུད་སོང་།
ཨ་ཁུ་བཀྲ་ཤིས་ཀྱིས་མིག་མ་བཙུམ་སྔོན་དུ་རང་གི་མཐའ་འཁོར་གཉེན་ཉེ་དག་ལ་ཁ་ཆེམས་ཤིག་བཞག་པ་ནི། རྒན་གཞོན་སུ་ཞིག་ཡིན་ཡང་རླངས་འཁོར་བསྐོར་དུས་ངེས་པར་དུ་དུས་ཚོད་ལྟར་རླངས་འཁོར་ཞིབ་དཔྱད་ཀྱི་འགྲོ་ལུགས་བསྒྲུབ་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད། སྒོས་སུ། ང་ཚོ་འབྲོག་ཁུལ་གྱི་ལག་སྣེར་སྤྱོད་པའི་རླངས་འཁོར་རྙིང་བ་དང་གཏའ་མའི་རླངས་འཁོར་སོགས་ལ་ལྷག་ཏུ་མཉམ་འཇོག་དགོས་ཞེས་པ་དེ་རེད། ཚིག་རྔ་བསྡུམས་རྗེས་གཞན་ཅི་ཡང་མ་བཤད་པར་དབུགས་ཀྱི་རྒྱུ་བ་འགག་སོང་། སྤྱིར་ན། ཁ་ཆེམས་འདི་འདས་པོས་རང་གི་མཐའ་འཁོར་དང་ཉེ་དུའི་ཚོགས་ལ་བཞག་པ་ཡིན་མོད། ཁོའི་ནང་མི་རྣམས་ཀྱིས་གྲོས་བྱས་རྗེས་ང་ལ་ཁ་ཆེམས་འདི་ཡི་གེ་དང་རྩོམ་གྱི་ཐོག་ནས་མི་མང་པོ་ཞིག་ལ་བསྒྲགས་ན་ཕན་ཐོགས་ངེས་ཟེར་བས། ངས་ཀྱང་ད་རེས་ཀྱི་གོ་སྐབས་འདི་སྤྱད་པ་ཡིན།
གྱེར་ཀློག་པ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། རྟ་མགྲིན་འཚོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
