【རྟེན་འབྱུང་།】ཞིང་གི་རབ་བྱེད།
ཁུངས། ཀློག་གྲངས། 34

图片

图片

མི་ཞེས་པ་འདི་སྲོག་ལྡན་ཀུན་དང་འདྲ་བར་འབྱུང་བཞིའི་ཁམས་དང་འབྲེལ་ནས་འཚོ་བའི་ཀླུང་རྒྱུན་ལ་ཚེ་སྲོག་གི་རྒྱུན་བསྲིང་མཁན་ཞིག་ཡིན། དེ་བས་འབྱུང་བའི་ཡ་གྱལ་དུ་གྱུར་བའི་ས་ཡི་ཁམས་ཆེན་པོ་དེས་ཀྱང་མངོན་དུ་མ་གྱུར་བའི་ལྐོག་གི་རང་བཞིན་ཞིག་བསྟན་ཡོད་ནའང་། མིའིི་རིགས་ཀྱིས་ཤེས་རབ་དང་འབྲེལ་ཏེ་མཐོང་ཐོས་དྲན་རེག་གང་གི་ཆ་ནས་ཀྱང་སྲོག་ལྡན་ཀུན་ལ་གསོན་པའི་རེ་སྙེག་གི་ལམ་ཁ་ཡངས་པོ་ཞིག་ཕྱེ་ཐུབ་ཐབས་ལ་འབད་པ་དང་སྨོན་པ་བྱ་མུས་ཡོད།

ད་ལྟའི་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་རྨ་ཆུ་བཞུར་སའི་ཡུལ་ཁམས་ལ་མཚོན་ནའང་མཚོ་འཕགས་རྨིད་ཉིས་སྟོང་ཉིས་བརྒྱའི་མཚམས་སུ་ཆགས་ལ། སྤྱི་རྩིས་ཀྱི་ཟླ་བ་གསུམ་པ་ནི་བཀྲ་ཤིས་པའི་ཞིང་ས་ལ་གཡང་གི་སྒོ་མོ་འབྱེད་པའི་དུས་སུ་འཁེལ་ཡོད། དེའི་ཕྱིར་སྡེ་བ་འདིས་ཀྱང་དེ་རིང་ཆེད་དུ་ཐོང་སྒོ་འབྱེད་པའི་མཛད་རིམ་ཞིག་སྤེལ་མུས་གདའ།

སྤྱིར་ཐོང་སྒོ་འབྱེད་པའི་ལས་ཀ་འདི་ནི་སྲོལ་རྒྱུན་ལྟར་འབྱེད་དགོས་མོད། དུས་ཀྱི་འགྱུར་པའི་དབང་གིས་ཡུལ་འདིའི་ཁྱིམ་ཚང་རྣམས་ལ་མཚོན་ན་ས་བོན་གཏོར་བྱེད་ཀྱི་བྲེ་དང་འཇོར་ཙམ་ལས་ཡོད་ཚད་དེང་རབས་ཅན་དུ་འགྱུར་ཞིང་སྲོལ་རྒྱུན་ལྟར་རྨོ་མཛོ་དོར་སྡེབ་ཀྱིས་ཐོང་སྒོ་འབྱེད་པའི་ཆ་ལ་དཀའ་ངལ་དཀའ་ཚེགས་ཡོད་ལ། རྨོ་མཛོ་ལ་བརྟེན་ནས་ས་ཞིང་རྨོ་འདེབས་ཀྱི་ལས་ཀ་དེའི་རྒྱུན་རིང་དུ་སྐྱོང་མཁན་དེ་བས་ཀྱང་དཀོན་པོ་རེད།  རྐྱེན་དེའི་དབང་གིས་ཉིན་འདིའི་ཆོ་ག་ཙམ་སྤེལ་བར་ཡང་རྨོ་མཛོ་དག་ནི་ཕྱུགས་གསོ་ར་བ་སོགས་ནས་གཡར་དགོས་པ་ལྟ་བུ་བྱུང་ཡོད་པས་དེ་རིང་གཡུང་ལ་མ་ཕབ་པའི་གླང་རྒོད་གཉིས་ཙམ་ཞིང་སའི་སྟེང་ལ་དེད་ནས་ཐོན་ཡོད།

图片

འདི་ནི་རྟེན་འབྲེལ་གྱི་ཆོ་ག་ཙམ་སྤེལ་བ་ཡིན་ལ། ཆོ་ག་དེའང་ཡུལ་མི་ཀུན་གྱིས་བཀོད་སྒྲིག་ལྟར་སྔར་འདས་ཀྱི་རྗེས་ཤུལ་ལ་ལད་མོ་ཙམ་བྱེད་པ་མ་གཏོགས་སྲོལ་རྒྱུན་གྱི་གོམས་འདྲིས་དང་རྒྱུན་ལོབས་ཀྱི་ལས་ཀའི་བྲོ་བ་ཅི་ཡང་མེད་པ་ལྟ་བུ་ཞིག་ཆགས་འདུག

འཛམ་བུའི་གླིང་འདིར་ཁྱོན་ཡོངས་ཀྱི་ཞིང་སའི་མཐའ་སྐོར་རིང་ཚད་ཀྱིས་སྤྱི་ཆིངས་དུང་ཕྱུར་བཅོ་ལྔ་ཙམ་ཟིན་ཡོད་ལ། ཀྲུང་གོ་ནི་འཛམ་བུ་གླིང་གི་ཞིང་སའི་ཆེ་ཆུང་གི་ཚད་ནས་བཀར་ན་མུའུ་དུང་ཕྱུར་བཅུ་དགུ་དང་གྲངས་ཆུང་གཅིག་བརྒྱད་ཡན་ཟིན་པས་ཨང་གསུམ་པ་ལྟ་བུ་རུ་གྱུར་ཡོད། དེ་ལྟར་དུ་ཀྲུང་གོའི་ནང་སོག་དང་ཧེ་ལུང་ཅང་། ཞིན་ཅང་དང་ཧི་ནན། ཅིས་ལིན་སོགས་ནི་རྒྱལ་ཡོངས་ནས་ཞིང་ས་ཆེས་ཆེ་བའི་ས་ཁུལ་དུ་གཏོགས།

གཞུང་ས་ཆེན་པོ་ནས་ཆེན་པོར་རྒྱུ་བའི་རྨ་ཀླུང་རིང་མོའི་ཡུལ་ཁམས་དག་ནི་ད་དུང་ཡང་ཡུལ་ཁམས་གཞན་དང་བསྡུར་ཚེ་འབྲུ་རིགས་སྣ་ལྔའི་ཐོན་འབབ་བཟང་བ། ཡུལ་ཁམས་བདེ་བ། དྲོད་ཁོལ་འཛོམས་པའི་ས་ཆ་ཞིག་རེད། གནས་འདིའི་ཞིང་བ་རྣམས་ཀྱིས་ཀྱང་སྤྱི་ཟླ་གསུམ་པ་ནས་བཟུང་སྟེ་ས་བོན་གཏོར་བའི་འགོ་བརྩམས་འདུག

图片

དཔེར་ན་རྡོ་རྗེ་རྒྱལ་ཚང་ནི་ཁུ་ཡུག་གཤོང་གི་ཞིང་སའི་སྟེང་ལ་འབྲུ་སྣ་འདེབས་མཁན་གྱི་ཞིང་བའི་ཁྱིམ་ཚང་ཞིག་ཡིན། དེ་རིང་ཁོང་བཟའ་ཟླ་དང་བཅས་པས་ས་བོན་མཛོད་དུ་ཡོད་པ་དག་ཕྱི་ལ་བླངས་ཤིང་སང་ཉིན་འདེབས་པར་སྟ་གོན་བྱ་མུས་འདུག

ཡོད་ཚད་དེང་རབས་འཕྲུལ་ཆས་ཅན་དུ་འགྱུར་བཞིན་པའི་སྐབས་འདིར་ས་ལ་ལོག་རྒྱག་པ་ནས་ལོ་ས་འོག་ཏུ་འཇུག་པ། ཡུར་མ་ཡུར་བ་སོགས་འཕྲུལ་ཆས་ཅན་དུ་འགྱུར་མུས་ཡོད་པ་འདིས་སྲོལ་དང་གོམས་འདྲིས་སུ་གྱུར་བའི་རིག་གནས་དང་ལས་ཀ་ཞིག་སྨག་མེད་དུ་བཅོམ་ན་ཡང་འཚོ་བའི་ཐོན་འབབ་དང་ལས་ཀའི་ཡོང་འབབ་སོགས་སྣའི་སྒོ་མོ་མང་པོ་ཞིག་ནས་ཀྱང་ཞིང་བ་དགའ་བའི་དཔལ་དུ་གྱུར་ནས་ཡོད།

སྤྱིར་རྨ་ཡུལ་ཁྲི་ཀའི་གཞུང་ཁོག་ལ་མཚོན་ན་ས་མགོའི་ཆ་ནས་མཐོ་དམའ་ཆེན་པོ་ཤོར་ཡོད་པ་ཞིག་མ་རེད། དཔེར་ན་ལུང་ཁོག་དེ་དག་ལྟ་བུའི་རྨོ་འདེབས་ཀྱི་དུས་ཚོད་ནི་ཉིན་གཅིག་གཉིས་ཙམ་གྱིས་སྔ་བ་དང་ཡང་ན་འཕྱི་བ་ལས་ཁྱད་པར་ཆེན་པོ་མེད།

图片

སོ་ནམ་གྱི་ལས་ཀ་གཉེར་བའི་མི་རིགས་གང་དང་གང་ཞིག་ཡིན་ཡང་ཡུན་རིང་པོའི་ཐོན་སྐྱེད་ལག་ལེན་ཁྲོད་དུས་བཞིའི་འགྱུར་བ་དང་བསྟུན་ནས་འབད་པ་བྱ་མུས་ཡོད།   རྨ་ཡུལ་གྱི་ཞིང་བ་ཕ་བུ་འདི་གཉིས་ལ་མཚོན་ནའང་ལོ་མང་པོའི་རིང་ལ་སོ་ནམ་གྱི་རྒྱུན་མ་བཏང་བའི་ལས་ཀ་བ་གཉིས་ཡིན།

དེང་གི་དུས་སྐབས་འདིར་ས་ཞིང་རྨོ་འདེབས་བྱ་མཁན་ཉུང་ལ། ལྷག་པར་ཁོ་ཚང་ནི་རྨ་ཡུལ་དུ་ཆགས་ཀྱང་ཞིང་ལ་ཆུ་གཏོང་བའི་དཀའ་ཁག་ཤིན་ཏུ་ཆེ། ཡིན་ཡང་ཁོ་གཉིས་ཀས་རང་ལ་ཡོད་པའི་ས་ཞིང་གི་སྟེང་ལ་གཞན་ནས་ས་ཞིང་བོགས་ལེན་གྱིས་ལོ་རེ་བཞིན་རྨོ་འདེབས་ཀྱི་ལས་ཀ་བྱས་ཡོད། ད་དུང་རང་ཉིད་ཀྱིས་མི་ཚེ་གཅིག་ལ་འབྲུ་རིགས་འདེབས་འབྲེག་གི་ལས་ཀ་འདིའི་རྒྱུན་ལྷོད་མ་མྱོང་པས་སོ་ནམ་གྱི་ལས་ཀའི་ཆ་ལ་བྱང་ཆའང་ཆེན་པོ་ཡོད་འདུག

ས་མགོ་དམའ་སའི་ཡུལ་ལུང་རེ་འགའ་ནས་ཐོང་སྒོ་འབྱེད་པའི་རྗེས་ཀྱི་ཉི་མ་རེ་འགའི་རྟིང་མར་ལུང་པ་གཞན་ནས་ཀྱང་སྐྱ་ཆུ་གཏོང་བ་སོགས་ཀྱི་ལས་ཀ་ལ་དབུ་བརྩམས་ཡོད།

སྤྱིར་ཞིང་ལ་ཆུ་གཏོང་བར་རིགས་མང་པོ་འདུག ས་བོན་བཏབ་མ་ཐག་བཏང་བའི་ཆུ་ལ་སྐྱ་ཆུ་ཟེར་བ་དང་དེ་ནས་རིམ་བཞིན་མྱུ་གུ་ས་ཁར་བུད་དེ་ཚུགས་གཉིས་གྱེས་པའི་སྐབས་བཏང་བའི་ཆུ་ལ་རྡུལ་ཆུ་ཟེར། དེ་ནས་རིམ་བཞིན་དུ་ཉིས་ཆུ། སུམ་ཆུ། བཞི་ཆུ། ལྔ་ཆུ་སོགས་གཏོང་བ་ཡིན། ཡིན་ཡང་ཆར་བ་ཆེ་བའི་ལོ་ལ་སུམ་ཆུ་བཏང་ཚར་བ་དང་བཞི་ཆུ་ལྔ་ཆུ་གཏོང་མི་སྲིད།

图片

ཡུལ་འདི་ལ་ས་གཤིས་བཟང་ཞིང་ལག་འབབ་ཡག་པ། ལོ་ཡི་སྐྱེ་རྒྱ་མཐོ་བ། འབྲུ་ཡི་སྙེ་མ་ཐོགས་ཚད་ཕྱུག་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་པས་ཞིང་བ་དག་གིས་ཆུ་གཏོང་བ་དང་ཞིང་ཁའི་ལས་ཀ་སྣ་ཚོགས་ལས་པའི་སྐབས་ཀྱང་ཁམས་དང་མོས་པར་འགྲོགས་པའི་གླུ་གཞས་སྙན་མོ་ཡང་ལྷོད་ལྷོད་དུ་ལེན་ངེས་ཡིན།

འདི་ལྟར་འབངས་དང་འབྲེལ་བའི་ཞིང་ས་གླེང་ཡོང་བའི་ཚེ་འདི་ནས་ཡར་ལ་རྩིས་པའི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་ལ་ཡུལ་ལྷོ་ཁའི་ཟོ་དང་གོང་པོ་རི་ཞེས་པའི་ཤར་ལྷོའི་མཚམས་སུ་ཟོ་དང་ཞིང་ཞེས་པའི་ཞིང་ཁ་གྲུ་ནར་ཅན་ཞིག་མི་དྲན་རང་དྲན་དུ་འགྲོ། དེ་དང་འབྲེལ་བའི་ལྗང་མདོག་གི་ལོ་ཟླ་ཞིག་དང་མིའི་ཁ་ཟས་ལ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་རྣམ་པའང་གསལ་ལ་མི་གསལ་ཞིག་ཀྱང་རང་བཞིན་གྱིས་མངོན་ཡོང་།

ད་དུང་དེ་ལས་ཀྱང་སྔ་བའི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མི་གཉིས་ཀྱི་རྒྱུད་གྱེས་པའི་སྐབས་མ་རྨོས་པའི་ལོ་ཏོག་ཟས་སུ་ཟ་བའི་དུས་སྐབས་དམིགས་བསལ་བ་མང་པོ་ཞིག་དང་འཚོ་བ་དམིགས་བསལ་བ་ཞིག་ཀྱང་མི་དྲན་རང་དྲན་རེད་ལ། འདི་དག་ཡོད་ཚད་ནི་བོད་མིའི་ལོ་རྒྱུས་སུ་མཆེད་པའི་ས་ཞིང་དང་འབྲུ་རིགས་ལ་འབྲེལ་བའི་དྲན་པ་རྐྱང་རྐྱང་ཞིག་ཡིན།

图片

དེ་རིང་ནི་རྨ་ཡུལ་ལ་ས་བོན་བཏབ་ནས་ཉིན་བཅོ་ལྔ་ལྷག་འདས་པའི་ཉིན་མོ་ཡིན། ཉིན་འདི་དག་གི་ནང་དུ་ས་བོན་ལ་མྱུ་གུ་ཐོགས་ནས་ས་ཁར་འབུད་བཞིན་ཡོད། སྤྱིར་བཏང་དུ་ཡིག་ཐོག་ལ་ཐོན་པའི་ཞིང་གི་སྐྱེ་འབུས་པའི་གོ་རིམ་ལ་རྣམ་པ་བཞི་ཙམ་ཐོན་ཡོད། ས་བོན་ལ་རླན་ཞུགས་པའི་གོ་རིམ། ས་བོན་ལ་སེའུ་ཐོན་པའི་གོ་རིམ། ས་བོན་ལ་མྱུ་གུ་འབུས་པའི་གོ་རིམ། ས་བོན་ལ་ལྗང་བ་ལོངས་པའི་གོ་རིམ་སོགས་ཡིན།

ས་བོན་ལ་ལྗང་བ་ལོངས་པའི་སྐབས་ས་ཁར་བུད་ཙམ། བྱེའུ་ཆུང་ནུབ་ཙམ། ཕུག་རོན་ཡལ་ཙམ་སོགས་ཞིང་གི་སྐྱེ་རྒྱའི་མཐོ་ཚད་ལའང་ཞིབ་ཏུ་དབྱེ་བ་མང་བས་བོད་མིའི་ཁ་རྒྱུན་དུ་འདི་ལྟར་དབྱེ་ཡོད། མྱུ་གུ་ཉིས་མཚེས་སུ་ས་ཁར་ཐོན་ན་ཉིས་རགས་གོན་ཟེར། གསུམ་ཐོན་ན་སུམ་རགས་གོན་ཟེར། མྱུ་གུ་རིང་དུ་འབུས་པའི་མགོ་ལ་གང་བུ་ཆགས་པར་མདོངས་བསྡུས་ཟེར། མདོངས་བསྡུས་པའི་ཕྱི་ནང་སྨིན་པའི་སྐབས་ལ་སྙི་བཏང་ཟེར། མཐའ་མར་ཧྲིག་ཆགས་བཅས་ཟེར། ད་ནི་རྨ་ཡུལ་གཞུང་གི་འབྲུ་རིགས་སྐྱེ་ཚད་ལྟ་བུ་ལ་མཚོན་ན་ཕལ་ཆེར་བྱེའུ་ཆུང་ནུབ་ཙམ་གྱི་ཚད་ལ་སླེབས་ཡོད་པས་འབྲུ་རིགས་ཀྱི་སྐྱེས་ཚད་ཤིན་ཏུ་མགྱོགས་པའི་རིགས་ལ་གཏོགས།

图片

སྤྱི་ཟླ་བཞི་བ་ནི་སྔོ་ཡར་སྐྱེས་ལ་བཅུད་ཁ་རྒྱས་པའི་དུས་སྐབས་ངེས་ཅན་ཞིག་ཡིན། དེ་བས་སོ་ནམ་པ་དག་གིས་ས་ཁར་ཐོན་མ་ཐག་པའི་མྱུ་གུ་དང་འབྲེལ་ནས་ཡུར་མ་ཡུར་བའི་ལས་ཀ་ལ་དབུ་བརྩམས་བྱུང་། ས་བོན་འབུས་མ་ཐག་པའི་དུས་ལ་ཡུར་ལས་བྱེད་པ་དེའི་མིང་ལ་ཁེར་ཡུར་ཟེར་བའང་ཡོད་ལ་ཆུ་ཡུར་ཟེར་བའང་ཡོད། ལས་དེའི་གཙོ་བོ་ནི་འབྲུའི་མྱུ་གུར་འགྲོགས་ནས་སྐྱེས་པའི་རྩྭ་རིགས་ལྡུམ་རིགས་འབལ་བ་དེ་ལ་ཟེར་བ་ཡིན། དེ་ལྟར་མྱུ་གུ་མཐོ་ཙམ་ཆགས་པའི་དུས་ལ་ཉིས་ཡུར་ཞེས་པའི་ཡུར་མ་ཡུར་ཐེངས་གཉིས་པ་དང་དེ་ནས་རིམ་བཞིན་སུམ་ཡུར་སོགས་ཡུར་མ་ཡུར་ཐེངས་གསུམ་པ་སོགས་རེ་རེ་བཞིན་བྱེད་པ་ཡིན་ལ། དེང་གི་དུས་ལ་འབྲུ་རིགས་འདེབས་སྟངས་ལས་ཡོད་ཚད་ཚན་རིག་ཅན་དུ་འགྱུར་བའི་དབང་གིས་ཡུར་མ་ཡུར་བའི་ལས་ཀ་དེའང་སྔོན་ཆད་དང་མི་འདྲ་བར་དཀའ་ཚེགས་ཆེ་བའི་ལས་ཀ་དེའང་ཉུང་ནས་ཉུང་དུ་འགྲོ་བཞིན་འདུག

ཡུར་མ་དང་པོ་ཡུར་ཚར་བ་དང་སྔོ་ཆུ་གཏོང་བའི་ལས་ཀ་ལ་དབུ་བརྩམས་བྱུང་། ཆུ་མའི་ཆུ་གཏོང་བའི་དུས་ནི་གོ་རིམ་ཡོད་པ་ཞིག་ཡིན་པས་གང་འདོད་དུ་བཏང་ཆོག་པ་ཞིག་མ་རེད། གནས་འདི་ནི་ལུང་གཞུང་ལ་གཏོགས་ཤིང་ས་མགོ་དམའ་བའི་ཡུལ་ཁམས་ཤིག་ཡིན་པ་མ་ཟད། ས་སྐམ་རྡོ་སྐམ་དུ་གྱུར་བའི་ས་སྐྱ་དང་བྱེ་མར་ཤུགས་ཆེ་བའི་གནས་ཡུལ་ཞིག་ཀྱང་རེད། དེ་བས་གནས་འདི་ལ་རང་བཞིན་གྱིས་ཙད་ཁ་རྒོད་པ། ཚ་ཤུགས་ཆེ་བ་ཞིག་རེད། སོ་ནམ་པ་དག་གིས་ཞིང་ལ་ཆུ་བཏང་སྟེ་དབྱར་ཚ་བའི་སྡུག་རྩུབ་ཀྱི་ངོ་བོ་རང་བཞིན་དེ་བསྒྱུར་ཆེད་སྟ་གོན་ཕུན་སུམ་ཚོགས་པར་བྱེད་བཞིན་འདུག

སྟོན་ཟླ་མགོ་མ་ཚེས་བྱུང་། འབྲས་བུ་དང་སྤྲོ་སྣང་གི་སྟོན་ཟླ་མཐའ་མར་བསླེབས་པས་ཡུལ་ཕྱོགས་གང་སར་སྟོན་བསྡུ་བའི་དུས་སྐབས་ཡག་ཤོས་ཀྱི་ཉི་མ་ནི་གཅིག་ཐོག་གཅིག་བཞག་གིས་སླེབས།

图片

ནོར་བྷེ་ཚང་ནི་ཆབ་འགག་ས་ཆའི་སྟོད་ཕྱོགས་སུ་ཡོད། ཁོ་ནི་དུས་རྒྱུན་ལས་ལ་བརྩོན་པ་མ་ཟད་ཞིང་ལས་འདེབས་འཛུགས་ཀྱི་རིགས་ལ་ཤིན་ཏུ་འཇོན་པ་ཞིག་ཀྱང་ཡིན། གནས་ཁུལ་འདི་ནས་ཁོ་ཚང་གི་མི་རབས་མང་པོས་སོ་ནམ་གྱི་ལས་ཀ་བྱས་ནས་ཡུན་རིང་འགོར་ཡོད་ལ། སྲོལ་དང་གོམས་འདྲིས་ཀྱང་རྒྱུན་འཛིན་བྱེད་མུས་ཡོད་ནའང་དུས་ཀྱི་འགྱུར་བ་དང་བསྟུན་ནས་ཁོ་རང་ས་ཞིང་འདིའི་སྟེང་ནས་མཇུག་མཐའི་སོ་ནམ་པ་ལྟ་བུ་ཞིག་ཆགས་ཉེན་ཡང་ཤིན་ཏུ་ཆེ། རྒྱུ་མཚན་ནི་ཁོ་ཚང་གི་གཡས་གཡོན་གྱི་ས་ཞིང་མང་པོ་ཞིག་ས་རྒོད་དུ་འགྱུར་བཞིན་ཡོད་པས་ཡིན།

ད་ནི་ཞིང་འབྲེག་ལ་རན་པས་ནོར་བྷེས་རང་གི་བུ་ཕྲུག་ཁྲིད་ནས་ཞིང་ལ་ལྟ་རུ་སོང་།

ད་ལྟ་སློབ་གྲྭར་འགྲོ་བཞིན་པའི་བུ་ཕྲུག་དག་ལ་མཚོན་ན་ས་ཞིང་དང་འབྲེལ་བའི་ཞིང་ཁ་ཞིང་སའི་སྐོར་ཅི་ཡང་མི་ཤེས་པས་ཁོས་སེར་སྲུང་དང་སེར་ཐོ་སོགས་རེ་རེ་བཞིན་བུ་ཕྲུག་རྣམས་ལ་ངོ་སྤྲོད་བྱས། འདི་ནི་རིག་གནས་དང་འབྲེལ་བའི་སྲོག་གི་རྒྱུན་མ་རྒྱུན་མར་སྦྲེལ་བའི་འཚོ་བའི་ཁ་ཕྱོགས་ཤིག་ཀྱང་རེད།

འདི་ནི་ཆབ་ཆའི་སྟོད་ཀྱི་ལུང་འགག་ཏུ་གཏོགས་པའི་ས་ཆ་ཞིག་ཡིན། ས་ཆ་འདི་ནི་ཆབ་འགག་གཞུང་དང་བསྡུར་ན་སྟོན་བསྡུ་བའི་དུས་ཚོད་ཅུང་ཙམ་འཕྱི། དེ་ཡང་ས་མགོ་མཐོ་ཚད་ཀྱི་དབང་གིས་ཡིན་ཡང་སྲིད་ལ་ལུང་སྟོད་དང་ལུང་སྨད་ཀྱི་དབང་གིས་ཡིན་ཡང་སྲིད།

དེ་རིང་ཁོ་དང་ཆུང་མ་གཉིས་ཀས་སྐྱེས་རྒྱ་མཐོ་བའི་གྲོ་ཞིང་གི་ཁར་སོང་ནས་ཉལ་ཟིན་པའི་གྲོ་ཞིང་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་འདུག རྒྱུ་མཚན་ཉལ་ཟིན་པའི་འབྲུ་རིགས་ནི་འཕྲུལ་ཆས་ཀྱི་སོ་བར་ལ་མི་ལོན་པས་དུས་ཐོག་ཏུ་འབྲེག་མི་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་ཡོད།

图片

ནོར་བྷེ་ཕྱིར་རང་ཁྱིམ་ལ་ཡོང་ནས་རང་གི་ཨ་མར་ཡང་ས་ཆ་གང་སར་འབྲུ་རིགས་ལེན་པའི་གནས་སྟངས་བཤད་པ་དང་། ངེས་པར་དུ་རང་ཁྱིམ་ནས་ཀྱང་འབྲུ་རིགས་བསྡུ་བར་སྟ་གོན་བྱ་དགོས་ལ། ལས་ཀ་རྗེས་ལ་བཞག་ན་ཆར་ཞོད་ཀྱང་ཆེ་བས་བྲེལ་བྲེལ་གྱིས་བསྡུ་དགོས་པར་སྐུལ་མ་བྱེད་བཞིན་ཡོད། འཕྲུལ་ཆས་ཀྱིས་འབྲེག་མི་ཐུབ་པ་དག་རང་གི་ལག་པས་འབྲེག་དགོས་པའི་ཆ་ནས་ཀྱང་ཁ་བརྡ་མང་དུ་བྱས།

ཕྱི་ཉིན་ཞོགས་པར་ནོར་བྷེ་བཟའ་ཟླ་གཉིས་ཀྱིས་ཟོར་བ་བཟུང་ནས་ཞིང་ཁར་སོང་ཞིང་ཉལ་ཟིན་པའི་འབྲུ་རིགས་དག་འབྲེག་བཞིན་འདུག

ཞིང་མ་བྲེག་གི་སྔོན་ལ་ཁ་གཡང་གི་ཚིག་དང་བཅས་ཏེ་རྟ་རྒོད་རྒྱུག་རྒྱུག བྱ་རྒོད་འཕུར་འཕུར་གྱི་འབྲེག་སྟབས་ཤིག་དགོས་པའི་སྨོན་ཚིག་ཅིག་ཀྱང་བཅོས་མིན་དུ་ཐོན་བྱུང་།

འཕྲུལ་ཆས་ཀྱིས་བྲེག་དགོས་པར་གྲ་སྒྲིག་བྱེད་པ་དང་ལག་འབྲེག་བྱེད་དགོས་པ་དག་ཟོར་བས་བྲེགས་ལ། ཁོ་ཚང་གི་ཞིང་ལ་མཚོན་ན་ཉལ་ཟིན་པའི་ཁྱབ་རྒྱ་ཅུང་ཆེ། དེ་བས་ལག་པས་ངེས་པར་བྲེག་དགོས་པ་དག་བྲེགས་ལ་ད་དུང་འབྲུ་རིགས་ཉལ་བའི་གནས་སྟངས་ཚབས་མི་ཆེ་བ་དག་འཕྲུལ་འཁོར་གྱིས་བྲེག་པར་སྒུག་ནས་འདུག

ནོར་བྷེ་བཟའ་ཟླ་གཉིས་ཀྱིས་ཟོར་བས་བྲེག་དགོས་པ་དག་ཡོངས་སུ་བྲེགས་རྗེས་མཐའ་ཡས་པའི་ཞིང་ཚུགས་ཀྱི་ཁམས་དེ་འཕྲུལ་ཆས་ཀྱི་སོ་བར་ལ་འཇོག་དགོས་མོད། འོན་ཀྱང་འཕྲུལ་ཆས་ཀྱིས་འབྲེག་པར་རིམ་པ་ལྟར་སྒུག་དགོས་པས་ཆར་ཆུ་དང་འབྲེལ་ནས་འབྲུ་རིགས་རྡུང་ཉེན་ཆེ་བའི་སྐོར་ནས་སེམས་ཁུར་མང་དུ་བྱ་མུས་གདའ།

图片

འཕྲུལ་ཆས་ཀྱིས་འབྲེག་པ་ནི་མིའི་ལག་པས་འབྲེག་པ་དང་མི་འདྲ་བར་དུས་ཐུང་ཐུང་དང་ཚེགས་ཆུང་ཆུང་གི་སྒོ་ནས་བྲེགས་ཚར་འགྲོ་བ་ཞིག་རེད། འཕྲུལ་ཆས་གཅིག་གིས་དུས་ཚོད་གཅིག་གི་ནང་ལ་ས་ཞིང་མུའུ་བཅུ་ཙམ་འབྲེག་ཐུབ། དེ་ཡང་དེང་རབས་ཅན་དུ་འགྱུར་བའི་དགེ་མཚན་ཞིག་ཀྱང་རེད།

བྲེགས་ཚར་བ་དང་སོག་མ་སྐྱ་ཐང་ངེར་ཡོད་སའི་ཞིང་སར་འབྲུ་རིགས་འདྲུད་འཐེན་འཁོར་ལོའི་སྒམ་ནང་དུ་བླུགས་པ་དང་། ནོར་བྷེ་ཡིས་འཁོར་ལོ་བསྐོར་ནས་རང་ཁྱིམ་གྱི་གཡུལ་ཁའི་ར་ནང་དུ་དྲུད།

ད་ནི་ཉིན་གཅིག་ཙམ་གྱི་དུས་ཚོད་བེད་སྤྱད་ནས་ཞིང་ཡོངས་སུ་བྲེགས་ཚར་སོང་། ད་ལྟ་ཤིང་ཁེམ། ལྕགས་ཁེམ། འགྱིག་ཁེམ་སོགས་བཀོལ་ནས་འབྲུ་རྣམས་རླུང་ལ་འཕྱར་བ་དང་། གྱེས་མ་དང་ཕུག་མ་སོགས་འབྲུ་དང་ཡོངས་སུ་དགར།

ཞིང་ཁ་ནས་ཡུལ་ལ་སྐྱེལ་བའི་འབྲུ་རྣམས་ཁོའི་ཨ་མས་འདེད་མ་ཁྱེར་ནས་ཉི་མར་ལྡེ། ཉི་མར་ལྡེ་སྐབས་ཀྱང་རྟགས་དང་རྟེན་འབྲེལ་མང་པོ་ཞིག་ལ་འབྲེལ་ནས་ལས་ཀར་འགོ་འཛུགས་བཞིན་འདུག

འབྲུ་སྤུངས་པའི་སྟེང་ལ་གཡང་འཁྱིལ་གྱི་ནོར་བུའི་དབྱིབས་ཤིག་འབྲི་བ་དང་དེ་ལ་བསྟུན་ནས་ཡར་རྡལ་མ་རྡལ་བྱེད་པ་ཞིག་རེད།

ཤུལ་དུ་ལུས་པའི་ལ་ལ་ཞིག་འཁྱམ་མ་སྤྱད་ནས་འབྲུ་སྣ་གཙང་མ་གཙང་རྐྱང་དུ་བྱས་རྗེས་སྒྱེ་སྣོད་དུ་བླངས། དེ་ནས་རེ་རེ་བཞིན་ཁུར་ཏེ་ཁྱིམ་གྱི་འབྲུ་མཛོད་ཁང་དུ་བླུགས།

图片

འདི་ནི་ལོ་ས་འོག་ཏུ་བཅུག་ཅིང་ལས་གནམ་ལ་བཅོལ་བའི་རེ་སྒུག་གི་གོ་རིམ་ཆེན་པོ་ཞིག་ཡིན་ལ། རེ་སྒུག་དེ་ལས་སྨིན་པའི་ས་བོན་གྱི་མྱུ་གུར་འབྲས་བུ་སྨིན་པའི་གཡང་གི་རྟེན་འབྲེལ་ཆེན་པོ་ཞིག་ཀྱང་ཡིན། དེ་ལྟར་གཡང་ས་ནས་བླངས་ཤིང་མཛོད་དུ་བཅུག་པས་ས་ཞིང་གི་ཡུལ་ཁམས་ཆེན་པོ་འདི་དག་སྐྱ་ཐིང་ངེར་ཡོད་ནའང་མི་རྣམས་ནི་ད་དུང་ཡང་ས་ཞིང་དང་འབྲལ་མེད་དུ་གནས་ཤིང་ནམ་ཟླ་འཁྱག་ལ་འདོང་སྐབས་དང་བསྟུན་ནས། འཁྱག་ཆུ་ཞེས་པའི་ཆུ་མོའི་རྒྱུན་རིང་བོ་ཞིག་ཡུར་ལ་བླངས་ཤིང་དུམ་བུར་བགོས་པའི་རྣང་ཞིང་གྲུ་བཞིའི་རིགས་ཡོངས་སུ་རྫོགས་པ་གྲང་མོ་དགུན་གྱི་ཟླ་ངོ་གསུམ་ཙམ་གྱི་དུས་དེ་བརྒལ་བར་སྟ་གོན་བྱས།

ལོ་ཁོར་མོ་གཅིག་གི་ལས་ཀ་ཆེན་པོ་ཞིག་འདི་ལྟར་མཇུག་བསྡུས་ནའང་སོ་ནམ་པ་དག་གིས་ད་དུང་ཡང་རང་ལ་བདག་པར་གྱུར་བའི་རྣང་ཞིང་གི་ཁེབས་རྒྱ་ཡོངས་ལས་སྙེ་མ་བཏུ་བ་དང་རྩྭ་ལོ་བསྡུ་བ། གད་སྙིགས་འཐུ་བ་སོགས་བདག་གཉེར་གྱི་ལས་ཀའི་གོ་རིམ་ཞིག་ནས་གཅེས་སྐྱོང་གི་བརྩེ་བའི་ཁམས་ཤིག་ལ་ཡོངས་སུ་བསྡུས། ད་དུང་སང་ལོའི་འབྲུ་འདེབས་ཀྱི་ལས་ཀ་ལ་སྟ་གོན་གང་ཡག་བྱས་ནས་ ཡང་བསྐྱར་འཁྱག་ཆུ་གཏོང་བར་དབུ་བརྩམས་ལ། འཁྱག་ཆུ་ཕྲ་མོས་ལྷོད་ལ་གཉོམ་ཤ་ཆགས་པའི་སྟོན་མཇུག་གི་ས་ཞིང་ཆེན་པོའི་ཁམས་དེ་ཡོངས་སུ་བསྡམས་ཤིང་རེ་ཞིག་ངལ་དུ་གསོ་བའི་དགུན་ཟླ་སྐྱ་བོའི་རྨི་ལམ་དབྱིངས་ལ་ཞུགས་པར་བྱས།