【རྟེན་འབྱུང་།】མཚོ་ཡི་རབ་བྱེད།
ཁུངས། ཀློག་གྲངས། 23

图片

图片

མཐོན་པོ་རི་ནས་རིམ་གྱིས་ཐོན་པའི་ཆུ་ནི་ག་ལེར་གཞོངས་ས་ཆེན་པོར་བཞུར་ལ་འཁྱིལ་བར་གྱུར་པས་ན་སྲོག་ལྡན་ཀུན་ལ་བཀའ་དྲིན་བདག་ཏུ་ཆེ་བའི་མཚོ་མོ་ཞེས་པ་འདི་གྲུབ་པ་ཡིན། དེ་བས་སྟོད་ལ་ཆགས་པའི་རི་བོ་བརྗིད་ཆགས་སེ་ཡོད་པ་དག་དང་སྨད་ལ་འཁྱིལ་པའི་མཚོ་མོ་སྔོ་དྭངས་སེ་ཡོད་པ་གཉིས་ལའང་འབྲལ་དུ་མེད་པའི་རྟེན་པའི་ངོ་བོ་དང་རང་བྱུང་གི་ཆོས་ཉིད་ལྡོག་ཏུ་མེད་པ་ཞིག་ལྡན་པ་མ་ཟད། རི་རབ་ཀྱི་མདངས་ཕོག་ལུགས་ལྟར་དེར་མཐུན་གྱི་མཚོ་མོ་རེ་རེ་ལའང་ཁ་དོག་གིས་དབྱེ་ན་སྔོ་སེར་དཀར་དམར་བཞི་ཡིས་བཀྱགས་པ་ཞིག་ཡིན།

དེ་བཞིན་དུ་ས་མདོ་སྨད་ཀྱི་ལྟེ་བ་ལ་འཁྱིལ་བའི་འདམ་ཀུན་དགའ་ནོར་ཞེས་པའི་མཚོ་ཆུང་ཞིག་ཡོད་པ་དེའང་འབྲུག་རང་སྐྱེས་རི་བོའི་འདབས་སུ་ལྟེམ་མེར་འཁྱིལ་ལ། མཚོ་མོ་འདི་ལ་རུ་སྡེ་འདིའི་སྐྱེ་འགྲོ་མཐའ་དག་གིས་བརྩེ་བ་དང་དུང་བ་ཁོ་ནས་འབྲེལ་ཏེ་ཡོད་པ་ཞིག་རེད།

图片

མདོ་སྡེ་སྙིང་བོ་ཐར་ནི་མཚོ་མོ་འདིའི་འགྲམ་ལོགས་སུ་སྐྱེས་ཤིང་མི་ལོ་ལྔ་བཅུ་ཙམ་གྱི་རིང་ལ་རང་གི་མི་ཚེའི་བརྩེ་བ་ཁོ་ནས་མཚོ་མོ་འདི་རང་གི་ཨ་མ་བཞིན་སྲུང་ནས་བསྡད་མྱོང་། ཁོ་གླིང་བུ་གཏང་རྒྱུར་ཤིན་ཏུ་དགའ། ཁོས་མི་ཚེ་རིང་མོ་སྐྱིད་ལ་བཀོད་ནས་མཚོ་མོའི་རླབས་དང་གླིང་བུའི་སྒྲ་གཉིས་གཞི་གཅིག་ཏུ་བསྲེས་ཏེ་ཡུལ་ཁམས་འདི་དང་རུ་སྡེ་འདི་ལ་སྙན་འཇེབས་ཀྱི་རོལ་དབྱངས་ཆད་མེད་དུ་བྱས་མྱོང་།

ཀུན་དགའ་ནོར་ཞེས་པ་འདི་ལ་དམིགས་བསལ་གྱི་ལོ་རྒྱུས་ཤིག་ཡོད་པ་ནི་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་ཞབས་ཀྱིས་བཅག་མྱོང་སའི་ཡུལ་ཁྱད་པར་བ་ཞིག་ལ་ངོས་འཛིན་ཞིང་ལོ་རྒྱུས་ཕྲ་རགས་ཀུན་ནའང་མཚོ་མོ་འདི་གསལ་ལེར་བཀོད་ཡོད་པ་ཞིག་ཡིན།

ཁོ་ཚང་ནི་སྔོན་ནས་ད་ལྟའི་བར་དུ་ཀུན་དགའ་མཚོ་འགྲམ་ནས་འབྲོག་ལས་ཁོ་ན་གཉེར་ཏེ་བསྡད་ལ། ཁོ་དང་ཆུང་མ་གཉིས་ཀས་ཚ་བོ་ཚ་མོ་དག་ལ་སློབ་སྦྱོང་གི་ཁམས་ཡག་པོ་ཞིག་འགྲུབ་ཆེད་འབད་པའང་བྱ་མུས་འདུག

图片

མདོ་སྡེ་སྙིང་བོ་ཐར་ཚང་ལ་མགྲོན་པོ་ཞིག་སླེབས་སོང་། མགྲོན་པོ་དེའང་ལོ་གཞོན་པའི་དུས་ལ་གླིང་བུར་དགའ་བ་ཞིག་ཡིན། དེ་བས་ཁོ་གཉིས་ཀྱིས་གླིང་བུ་དང་འབྲེལ་བའི་གཞོན་པའི་དུས་སྐབས་ལ་ཕྱིར་དྲན་བྱ་མུས་ཡོད་པ་མ་ཟད། གླིང་བུའི་བཟང་ངན་སྐོོར་ནས་ཀྱང་ཁ་བརྡ་མང་དུ་བྱས་བྱུང་།

ད་ལྟ་ཁོས་རྩིས་འདང་ཆེ་བའི་གླིང་བུ་ཞིག་ཡོད་པ་དེ་སྒམ་ལས་བླངས་བྱུང་། གླིང་བུ་དེ་ནི་དམིགས་བསལ་གྱི་གླིང་བུ་ཞིག་ཡིན་ངེས། གླིང་བུ་དེ་གོས་ཆེན་འབྲུག་རིས་མ་ཞིག་གི་ལྟེབ་ལ་ཉར་འདུག

ཁོས་དཔྱིད་རྔ་དབྱར་ལ་མཐུད་པར་ངེས་པའི་དུས་འདིར་གླིང་བུ་འབུད་པའི་གོམས་སྲོལ་འདི་རྡེའུ་ལག་བརྒྱུད་ཀྱི་ཚུལ་དུ་རང་གི་རྗེས་སྐྱོང་ཚ་བོ་ལ་ཅི་ཐབས་གང་ཐབས་ཀྱིས་རང་ལ་ཡོད་པའི་གཤིས་སྤྱོད་ཀྱི་དྲི་ཙམ་བགོ་ཐུབ་ཐབས་བྱེད་བཞིན་འདུག་ལ། ཁོའི་ཆུང་མས་ཀྱང་དེ་བཞིན་དུ་འབད་པ་ཤ་ཐང་རུས་ཐང་དུ་བྱེད་མུས་འདུག ལས་འདི་ནི་ཕ་མར་གྱུར་བ་མཐའ་དག་གིས་རང་གི་བུ་རྒྱུད་ལ་བགོ་བར་བརྩམ་པའི་བག་ཆགས་ཀྱི་མཐའ་ལྟ་བུ་ཞིག་ཀྱང་ཡིན་ལ། བསམ་པའི་གཏིང་ལ་འཐིམ་པར་གྱུར་པའི་རིག་གནས་ཤིག་གི་དྲན་པའང་རེད།

图片

དཔྱིད་དང་དབྱར་གྱི་དུས་ལ་མཚོ་མོ་གང་དང་གང་ཡང་འོ་མ་བཞིན་རྒྱས་ཤིང་འཕེལ་བ་ཡིན་ལ། རྩྭ་རྩི་ཤིང་དང་མེ་ཏོག་སྣ་ཚོགས་ཀྱི་རྩ་བའང་འཁྱག་གིས་བསྡམས་པ་ཡོངས་སུ་གྲོལ་ནས་མྱུ་གུ་འབུས་བཞིན་ཡོད། འབུ་སྲིན་ཕྲ་རགས་དང་བྱ་བྱེའུ་འདབ་ཆགས་ཀུན་ལའང་གསོན་པའི་དབུགས་སྣ་སོས་བཞིན་ཡོད་པས་སྐབས་དེ་དང་བསྟུན་ནས་གླིང་བུ་བཏང་ན་ཕྱིའི་སྣོད་དང་ནང་གི་བཅུད་གང་ལའང་ཕན་པའི་རྒྱུ་རུ་འགྱུར་ཐུབ་པ་ཡིན།  དེ་བས་ཁུར་ལུག་མཚོ་མོ་དང་འབའ་ལུང་ན་འདམ་སོགས་སུའང་ཁྲུང་ཁྲུང་གིས་གཤོག་རུ་རྐྱོང་ནས་ཐོན་བཞིན་ཡོད་ལ། གནས་དེ་རུ་འབབ་ཐེངས་རེ་དང་འཕུར་ཐེངས་རེ་ལ་ཕལ་ཆེར་ཁྲུང་ཁྲུང་སྟོང་ཕྲག་འགའ་རེ་བརྒལ་བའང་ཡོད་པ་མ་ཟད། ད་དུང་ཁུར་ལུག་མཚོ་མོ་ལ་མཚོན་ན་ཉ་དང་ཆུ་སྲམ་ཡང་མང་དུ་ཡོད་པར་བཤད།

དེ་རིང་མདོ་སྡེ་སྙིང་བོ་ཐར་ལགས་ཀྱིས་རང་གི་ཚ་བོ་ཁྲིད་དེ་ཀུན་དགའ་མཚོ་མོའི་ཁ་རུ་ཕྱིན། མཚོ་མོ་ལ་མཆོད་པའི་ཚུལ་དུ་སྙན་ལྷང་ལྷང་གི་གླིང་བུ་བཏང་ནས་དཔྱིད་ཀྱི་མཚོ་མོ་འདི་གཉིད་ལས་སློང་བར་བརྩམ། ཚ་བོ་ནི་ན་རྐོང་ཆུ་རྐོང་གི་ཁ་ན་ཡར་ལྡིང་མར་ལྡིང་གི་བྱིས་པའི་ལྟ་སྤྱོད་ཀྱིས་འདུག

图片

རླུང་བུ་ཤར་ཤར་དུ་ལྡིང་ནའང་ཁོས་རང་གི་ཚ་བོ་དང་མཉམ་དུ་སྙན་ལྷང་ལྷང་གི་གླིང་བུ་བཏང་བས། གླིང་བུའི་སྙན་འཇེབས་ཀྱི་སྒྲ་དབྱངས་ཁྲོད་བྱ་རིགས་འདབ་ཆགས་སྣ་ཚོགས་ཀྱང་དམའ་བ་མཚོ་ལ་འབབ་པ་དང་མཐོ་བ་མཁའ་ལ་འཕུར་བའི་གར་སྟབས་ཡང་ཡང་བསྒྱུར་ནས་ཡོང་ལ། འདི་ལྟར་རི་བོ་ནས་ཆུ་བོ། ཆུ་བོ་ནས་མཚོ། མཚོ་མོ་ནས་འདབ་ཆགས་ཀྱི་གཤོག་འགྱུར། ད་དུང་སྨྱུག་གླིང་གི་གདངས་དབྱངས་སོགས་རེ་རེ་བཞིན་དེད་པའི་ཚེ་རི་དང་ར་བས་ཡོངས་སུ་བསྐོར་བའི་མདོ་དབུས་མཐོ་སྒང་གི་མ་ཕམ་གཡུ་མཚོ། ལྷ་མོའི་བླ་མཚོ། བེའུ་དུག་མཚོ། སྟོང་རི་མཚོ་ནག ཁྲི་གཤོག་རྒྱལ་མོ་སོགས་མཚོ་མོ་གཡུ་ཡི་མེ་ལོང་ལྟ་བུ་ཆིག་སྟོང་ལྔ་བརྒྱའི་ཁམས་ཡོངས་བསྡུས་ནས་གཉིད་ལས་སད་བཞིན་འདུག

དེ་ལྟར་ཁྲི་གཤོག་རྒྱལ་མོས་ཀྱང་དར་གྱི་ཡོལ་བ་ཡོངས་སུ་ཕྱེ་ལ་མཚོ་མོའི་མཐའ་འཁོར་དུ་དར་སྤུངས་ཀྱིས་བསྐོར་བ་མ་ཟད། རླབས་ཀྱི་རྒྱུ་བའང་ལང་ལོང་དུ་འཕྱོ། མཚོ་སྟེང་གི་འདབ་ཆགས་དང་མཚོ་མཐའི་རྟ་ནོར་སོགས་ཀྱི་རྒྱུ་བའང་ཇེ་མང་ནས་ཇེ་མང་དུ་འགྲོོ་མུས་ཡོད།

图片

བྱ་ཁྲུང་ཁྲུང་གི་གཤོག་འགྱུར་དང་བསྟུན་པའི་དཔྱིད་ཀྱི་དུས་ཚུགས་འདིར་རང་གི་ཕུགས་བསམ་དང་སེམས་འདུན་ལ་གཤོག་པ་ཐོགས་པའི་ཁོར་སྲུང་བའང་གང་མང་ཞིག་ཐོན་མུས་ཡོད། འདིའང་འཚོ་བའི་རྒྱུན་ཐག་ཁྲོད་སྲོག་ལྡན་དག་ཕན་ཚུན་ཕར་བརྟེན་ཚུར་བརྟེན་གྱི་འགྲོས་རིམ་ལ་ཕར་སྲུང་ཚུར་སྲུང་གི་རྣམ་པ་ཞིག་གྲུབ་པའི་རྟགས་སུའང་ཤར་ཡོད།

ཁྲུང་ཁྲུང་སོགས་བྱ་རིགས་འདབ་ཆགས་ཀྱི་རྒྱུན་དེ་མཚོ་དང་ཆུ་བོར་མ་བྲལ་ཚེ་ཁོར་ཡུག་གི་ངོ་བོ་དང་རང་བཞིན་ལ་ཡང་འགྱུར་བ་མེད་པའི་རིགས་སུ་འགྲོ་ཞིང་ཁོར་ཡུག་ལ་རྟེན་པའི་གཡང་གི་ར་བ་སྒོ་བཞི་སྐྱོང་མཁན་གྱི་འགྲོ་བ་མིའང་དེ་བཞིན་འཚོ་ཞིང་གཞེས་པར་དཀའ་ཁག་དང་རྙོག་འཛིང་ཇེ་ཉུང་དུ་འགྲོ་བའི་ཁམས་ཤིག་མ་བཅོས་རང་ཤུགས་སུ་གྲུབ་ཐུབ་པས་ཡིན།

མགོན་པོ་དང་འཕགས་པ་གཉིས་ནི་མཛོད་དགེ་གླིང་དཀར་སྟོད་ཀྱི་ཡིན་ལ། དུས་རྒྱུན་མཉམ་འགྲོ་མཉམ་འདུག་གིས་ཕ་ཡུལ་མཛོད་དགེ་རུ་འཁྱིལ་བའི་མཚོ་ཁྲ་ཁྱབ་ཀྱི་འགྲམ་དུ་ཁྲུང་ཁྲུང་ཞིབ་འཇུག་དང་སྲུང་སྐྱོབ་བྱ་མཁན་གཉིས་ཡིན།

图片

མཛོད་དགེ་རྫོང་ཁོངས་སུ་མཚོ་ཆེ་ཆུང་མང་པོ་དང་ན་འདམ་སོགས་བརླན་ས་ཤིན་ཏུ་ཆེ། མཚོ་ངོས་ལས་མཐོ་ཚད་རྨིད་སུམ་སྟོང་ལྔ་བརྒྱ་ཙམ་ཟིན་ཡོད། ཡུལ་དེ་ནི་ཀྲུང་གོའི་ན་འདམ་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་པ་མ་ཟད། ཡུལ་དེ་ནི་སྣོད་བཅུད་ཀུན་འཛོམས་ཀྱི་ཁམས་ཆེན་པོ་ཞིག་ཀྱང་ཡིན།

ཁོ་གཉིས་ཀྱིས་ཉི་མ་རེ་རེ་བཞིན་ཁྲུང་ཁྲུང་ལ་པར་དང་བརྙན་བླངས་ཤིང་། ནམ་ཟླ་དང་འགྲོགས་ནས་ཁྲུང་ཁྲུང་གི་གནས་སྟངས་ལ་བྱུང་བའི་འགྱུར་བ་སྣ་ཚོགས་དེ་ཟིན་བྲིས་སུ་འདེབས་བཞིན་ཡོད་པ་མ་ཟད། ཁྲུང་ཁྲུང་གིས་ཚང་འཇོག་སྟངས་དང་སྒོ་ང་རུམ་སྟངས། ཕྲུ་གུ་སྒོ་ངའི་ཕྱི་ལ་ཐོན་སྟངས། ན་སོན་པ་དང་ཚང་ལ་ཁ་གྱེས་སྟངས། གཤོག་རྩལ་གྲུབ་ནས་མཁའ་ལམ་སྙེག་སྟངས་སོགས་རིམ་པ་མང་པོ་ཞིག་བརྒྱུད་ནས་རང་གི་པར་མིག་ལ་བླངས་ཡོད།

图片

འདི་ཡང་ཡུལ་མཛོད་དགེ་ལ་བརྟེན་པའི་མཚོ་མོ། དེ་ལ་འབྲེལ་བའི་བྱ། བྱ་འདབ་ཆགས་ལ་རྟེན་པའི་པར་ལེན་བརྙན་ཕབ་ཀྱི་མིའི་འཚོ་བ་སོགས་གཞི་གཅིག་ཏུ་འདྲེས་པ་ཡིན་ལ། འཁོར་བའི་ཀླུང་རྒྱུན་དེས་བསྐྱེད་པའི་འབྲས་བུ་ལ་མཐོང་སྣང་ནས་ཟིན་འགོད། བརྟག་དཔྱད་ནས་ཞིབ་འཇུག མཐའ་མར་དགེ་བའི་ངོ་བོ་ཁོ་ནའི་སྟེང་དུ་བབ་པ་སོགས་རྟེན་འབྱུང་རིམ་པ་མང་པོ་ཞིག་མ་བཅོས་ལྷུན་གྱིས་གྲུབ་སྟེ་ཆུ་མོ་ནས་ཆུ་མོར་འབྲེལ་ལ་མཚོ་མོ་ནས་མཚོ་མོར་འདྲེས་བཞིན་མཚོ་ཁྲི་གཤོག་རྒྱལ་མོའི་བྱང་མཐའ་ལ་འབྲེལ།

ཡུལ་འདི་ནས་དབྱར་གྱི་དུས་ལ་འབྲོག་གི་རུ་སྡེ་མཐའ་དག་གིས་སྙེག་པ་རྩྭ་ཆུའི་འགྲོ་ལུགས་ལྟར་དབྱར་མཚེར་ལ་འགྲོ་བཞིན་འདུག ཁོ་གཉིས་ཀྱིས་རུ་བ་སོང་ཤུལ་ནས་རྩྭ་ར་སོགས་སུ་རེ་རེ་བཞིན་ཡུལ་དེར་འཚོ་བའི་དགོ་དམར་གྱི་རིགས་ལ་ལྟ་སྐྱོང་བྱ་མུས་འདུག

དགོ་དམར་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། ད་ལྟ་མཚོ་སྔོན་པོའི་མཐའ་འཁོར་ཀུན་ཏུ་ལྕགས་ར་སོགས་བསྐོར་བའི་དབང་གིས་ཤི་རྨས་བྱུང་བ། ཝ་སྤྱང་གིས་ཁ་དྭར་ཕུད་པ། ནད་རིགས་བྱུང་བ་སོགས་ཀྱི་དགོ་དམར་མང་ལ། ཁོ་གཉིས་ཀྱིས་དེ་དག་ལ་སྨན་བཅོས་བྱེད་པ། འོ་མས་གསོ་བ། བདག་སྐྱོང་བྱེད་པ་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད།

图片

འདི་ནི་འབྲོག་ལས་དང་བསྟུན་ནས་གཉེར་བཞིན་པའི་ཞོར་འབྲེལ་ལས་ཀ་ཞིག་ཡིན་ལ། དགོ་རིགས་མང་དུ་སྲུང་སྐྱོབ་བྱས་པའི་རྐྱེན་གྱིས་ད་ལྟ་ཁོ་གཉིས་ཀའི་མཚན་སྙན་སྨྱན་བྱད་ཆེ་ཆུང་གི་སྒོ་མོ་ཀུན་ལ་གྲགས་ཤིང་གནས་འདིར་སླེབས་པའི་ཡུལ་སྐོར་བ་དག་གིས་ཀྱང་ཁོ་གཉིས་ལ་དམིགས་ཏེ་རི་དྭགས་དགོ་དམར་ལ་ལྟད་མོ་ལྟ་སའི་ཡུལ་དུ་གྱུར་ཡོད།

དེ་ལྟར་རི་དྭགས་ཀྱི་རྒྱུ་བ་རེ་རེ་མཚོ་ཁྲི་གཤོག་རྒྱལ་མོའི་རླབས་ཀྱི་རྒྱུ་བ་དང་འབྲེལ་ནས་ཡོད་ལ། མཚོ་མོའི་བྱང་འགྲམ་ནས་ཆུ་མོའི་རྒྱུན་ཐག་ཆད་མེད་དུ་འབབ་པའི་པུ་ཧ་ཆུ་བོ། གཡུ་དཀར་འོམ་ལུང་གི་ཆུ་བོ། མཚོ་འཁྱིལ་ཆུ་བོ་སོགས་དལ་གྱིས་འབབ།

ཉ་མོ་ཚང་ལ་འགྲོ་བའི་དུས་ཀྱང་ཏག་ཏག་སྐབས་འདི་རེད། མཚོ་ཁྲི་གཤོག་རྒྱལ་མོ་ནི་ཚྭ་མཚོར་གཏོགས་པའི་མཚོ་མོ་ཞིག་ཡིན། འདབ་ཆགས་ཀྱི་རིགས་བརྒྱ་དང་དྲུག་ཅུ་རེ་གསུམ་ཙམ་ཡོད་ལ། སྤྱིའི་གྲངས་འབོར་ཆིག་འབུམ་དྲུག་ཁྲི་ཙམ་བརྒལ་ཡོད། མཚོ་མོ་འདིར་གནས་པའི་སྲོག་ལྡན་གསེར་ཉ་ལ་མཚོན་ན་ཀྲུང་གོའི་ཁྱད་ལྡན་ཉ་རིགས་ཆེན་པོ་ལྔའི་ཡ་གྱལ་ཡིན།

图片

མཚོ་སྔོན་པོའི་གསེར་ཉ་ཚང་ལ་འགྲོ་སྐབས་མཐའ་ཡངས་པའི་མཚོ་མོར་མི་འདུག་པར་ཕྱོགས་བཞི་མཚམས་བརྒྱད་ནས་མཚོ་མོར་འབབ་པའི་ཆུ་ལག་ཆེན་པོ་དག་གི་ནང་དུ་བཞུད་འགྲོ་བ་ཞིག་ཡིན། གྲངས་འབོར་ཆེ་བའི་གསེར་ཉ་དག་གིས་འདི་ལྟར་ཆུ་རྒྱུན་དེད་ནས་འགྲོ་བའི་ཚེ་ཉ་མོའི་ཚེ་སྲོག་ལ་གནོད་པ་ཤིན་ཏུ་མང་།

བླ་མཚོའི་བྱང་ཁམས་འདི་ན་དུས་རབས་དང་བསྟུན་པའི་ཡུལ་སྐོར་ལ་དམིགས་ཏེ་ཉ་འགོག་འགག་སྒོ་རིམ་པའང་མང་དུ་བཟོས་ཡོད་པས་ཉ་དག་གིས་འགག་སྒོ་དེ་ལས་ལྡིང་ཚད་མ་ཟིན་པར་བྲང་ཁ་རྡོ་ལ་བརྒྱབ་ནས་ཤི་རྨས་ཀྱང་མང་དུ་བྱུང་མུས་ཡོད།

གཞན་ཆུ་རྒྱུན་འདེད་སྐབས་ཉ་ཡི་གཉེན་པོར་གྱུར་བའི་ཆུ་བྱ་དག་གིས་ལམ་སྒུག་བྱེད་པའང་མང་། ད་དུང་གནམ་དགྲ་དང་འབབ་ཞོད་ཆེ་བའི་སྐབས་གློ་བུར་ཐོན་པའི་ཤྭ་འོད་ཀྱི་དབང་གིས་ཆུ་མོ་ཡར་ལོག་མར་ལོག་གི་གནས་སྟངས་ཀྱང་དུས་རྒྱུན་བྱུང་གི་ཡོད། རྐྱེན་དེའི་དབང་གིས་ཆུ་རྒྱུན་འདེད་མ་ཐུབ་པའི་གསེར་ཉ་མང་པོ་གཤོང་ས་མཐོ་དམན་ཀུན་ལ་ཡོད་པའི་ཆུ་གོར་དག་གི་ནང་དུ་ལུས་ཏེ་ཙད་སྐམ་དུ་འགྲོ་བའང་ཉུང་ཉུང་མིན།

图片

འདི་འདྲའི་རྐྱེན་སྣ་ཚོགས་ལ་འབྲེལ་ནས་མཚོ་སྔོན་པོའི་གསེར་ཉའི་གྲངས་འབོར་གྱི་འཕར་ཚད་ཀྱང་དེ་འདྲའི་མཐོན་པོ་མིན། ལོ་གཅིག་ལ་ལྗིད་ཚད་སྲང་གང་མ་གཏོགས་ནར་སོན་མི་ཐུབ་པའི་གསེར་ཉ་ལ་མཚོན་ན་ལོ་བཅུ་ཙམ་གྱི་དུས་ཡུན་ངེས་ཅན་ཞིག་འགོར་ན་ད་གཟོད་ཉ་གཅིག་ལ་རྒྱ་མ་གང་ཟིན་པའི་གཟུགས་གཞི་རུ་གྲུབ་ཐུབ་པ་ཞིག་ཡིན།

ཉིན་འདི་དག་གི་རིང་ལ་འབབ་ཞོད་ཤིན་ཏུ་ཆེ་བའི་དབང་གིས་ཆུ་རྒྱུན་མང་པོའི་ནང་དུ་ཤྭ་འོད་བྱུང་སྟེ་ཡུལ་གང་སར་ཆུ་བོ་ཡར་ལོག་མར་ལོག་གི་གནས་སྟངས་མང་དུ་བྱུང་བས་ཉ་རིགས་ཀྱི་ཚེ་སྲོག་ལ་གནོད་པ་ཚབས་ཆེ་བ་བྱུང་འདུག

དེ་རིང་རྐང་ཚའི་ཕྱོགས་ཀྱི་ཡུལ་མི་མང་པོ་ཞིག་གིས་གཤོང་བ་དང་ཟེའུ་སྣོད། དྲ་རྒྱ་སོགས་སྤྱད་ནས་ཆུ་རྒྱུན་ལ་ཁ་གྱེས་པའི་གསེར་ཉ་དག་ཕྱིར་ཆུ་མོའི་ནང་ལ་སྐྱེལ་བའི་སྲོག་སྐྱོབ་ཚེ་སྲུང་གི་དགེ་ལས་ཆེན་པོ་ཞིག་བྱེད་བཞིན་འདུག

图片

ཁོ་ཚོས་དང་ཐོག་འགྱིག་གི་དྲ་བ་དྲ་ལྟེབ་ཆུ་ལ་ཕངས། དེའི་ཕྱོགས་བཞི་མཚམས་བརྒྱད་དམ་པོར་བཟུང་ཞིང་ཉ་རིགས་དྲ་བའི་ནང་ལ་ཚུད་པ་དང་ཕྱོགས་སོ་སོ་ནས་ཡར་བཀྱགས་ཤིང་ཕྱོགས་གཅིག་ཏུ་བསྡུས།

ཉ་ནི་ཆུ་དང་བྲལ་ན་སྐད་ཅིག་ཙམ་ལའང་འཆི་ཉེན་ཤིན་ཏུ་ཆེ་བས་ལྟེབ་ཁུག་ལ་བསྡུས་པའི་ཉ་རིགས་མཐའ་དག་རེ་རེ་བཞིན་སྣོད་དུ་ལེན་པའི་སྐབས་ཆུ་དང་ལྷན་དུ་ལེན་པ་ཞིག་རེད།

ཁོ་ཚོའི་ལས་ཀ་ནི་གོ་རིམ་དང་ལྡན་པ་ཞིག་རེད། སྣོད་ལ་བླངས་པའི་ཉ་དག་རླངས་འཁོར་གྱི་གཞུག་སྒམ་ནང་ལ་བཏིང་བའི་འགྱིག་ཁུག་ནང་དུ་ལྡུགས་པ་ཞིག་རེད། ད་དུང་འགྱིག་ཁུག་དེའི་ནང་ལ་དབུགས་གཏོང་བ་སོགས་བྱས་ནས་ཉ་རྣམས་ཀྱི་ཚེ་ལ་འབྲེལ་བའི་གནོད་པ་དག་སེལ་བཞིན་འདུག

གནས་གཅིག་ནས་ཉ་རྣམས་རླངས་འཁོར་དུ་བླངས་རྗེས་རླངས་འཁོར་ལམ་ལ་ཆས་བྱུང་།

图片

རླངས་འཁོར་ཆུ་རྒྱུན་གྱི་གོམ་ཁ་མཚོ་སྔོན་པོར་བསྲིངས་པའི་ཆུ་བོའི་འགྲམ་ལ་ཐོན་པ་དང་དེ་ནའང་མི་སྐོར་ཞིག་གིས་གསེར་ཉ་དག་རླངས་འཁོར་ནས་བླངས་ཏེ་རེ་རེ་བཞིན་ཆུ་ནང་དུ་བཏང་བྱུང་མཚོ་མོའི་བྱང་ནས་འབབ་པའི་ཆུ་བོ་ཆེན་པོ་བཞིའི་འགྲམ་རྒྱུད་ཀྱི་ཉ་རིགས་ལ་སྲོག་སྐྱོབ་ཀྱི་ལས་ཀ་འདི་ལས་ཚར་བ་དང་ཆར་བའང་ཟམ་ཟིམ་ཞིག་འབབ་བཞིན་འདུག  དུས་ཀྱི་སྦྲང་ཆར་འདི་དང་བསྟུན་ནས་ད་དུང་ཡང་ཚོགས་པ་བསྡུས་ཏེ་སྲོག་སྐྱོབ་དགེ་ལས་ཀྱི་གཏམ་དང་ཁ་བརྡའང་མང་དུ་བྱུང་།

མཚོ་མཐའི་འབྲོག་གི་འཚོ་བ་ནི་རྟ་ནོར་ལུག་གསུམ་ལ་འབྲེལ་ལ། མཚོ་མོའི་མཐའ་རུ་གནས་པའི་དགོ་དམར་ཡང་སྒོ་ཕྱུགས་ཀྱི་རུ་མའི་ཁྲོད་ལ་འཐིམ་པར་གྱུར་ནས་ཡོད་པས་ཁོ་གཉིས་ཀྱིས་སྨན་བཅོས་དང་གསོ་སྐྱོང་བྱས་པའི་དགོ་དམར་ཆེ་ཆུང་དག་ནི་ཕྱུགས་རིགས་ལ་གོམས་ལོབས་སུ་སོང་བ་མ་ཟད། མི་ལོབས་ཁྱི་ལོབས་སུའང་གྱུར་ཡོད་ལ། ད་དུང་ཡང་དགོ་ཕྲུག་དག་ལ་རང་གི་ཁྱིམ་མི་ཇི་བཞིན་མིང་འདོགས་ཀྱང་བྱས་ཡོད།

དེ་ལྟར་ལྟ་སྐྱོང་དང་གསོ་སྐྱོང་བྱས་ནས་དྲག་སྐྱེད་བྱུང་བ་དང་ན་སོན་པ་དག་དུས་ངེས་ཅན་ཞིག་བརྒྱུད་ནས་ཕྱིར་དགོ་ཁྱུ་ལ་གཏོང་བཞིན་ཡོད། ཡིན་ཡང་ལོབས་དྲག་པའི་དབང་གིས་དགོ་ཕྲུག་ལ་ལ་ཕར་དགོ་ཁྱུ་ལ་བསྐྱེལ་ཡང་སྲོག་སྐྱོབ་ཀྱི་བདག་པོ་བཙལ་ནས་ཕྱིར་ཡོང་བའང་ཡོད།

图片

མཚོ་མོའི་འགྲམ་ནས་མཚོ་ཆུ་འཐུང་ཞིང་མི་དང་རྒྱུན་ལོབས་འདྲིས་ལོབས་སུ་སོང་ནའང་མཐོ་བ་རི་ལ་བསྙེག་དགོས་པ་ནི་སྲོག་ལྡན་རི་དྭགས་ཀྱི་ཆོས་ཉིད་ཡིན་པ་ལྟར་རི་བོའི་མཛེས་སྡུག་གི་བསླུ་བྲིད་ཅིག་ལ་བརྟེན་ཞིང་འདྲིས་པར་གྱུར་པའི་འཇིག་རྟེན་པའི་ངོ་བོ་འདི་རིང་ནས་རིང་དུ་བསྲིངས་ནས་འགྲོ་བ་ཞིག་རེད།

ད་ཡང་དུས་བཞིའི་འགྱུར་བ་དང་སྡོངས་ཏེ་མཚོ་མོ་དར་ཁ་འགྲིག་ནས་དུས་ཡུན་ཟླ་ངོ་བཞི་ཙམ་འདས་ལ་ཉེ་བས། གནས་དང་ཚང་མལ་བརྗེས་ཟིན་པའི་འདབ་ཆགས་ཀྱིས་ཀྱང་ཕྱིར་ལམ་བསྙེག་པའི་དུས་དང་རིང་པོ་མེད་པ་ཞིག་རེད།

མཚོ་མོ་གཉིད་དུ་ཞུགས་པའི་དགུན་དུས་ལ་མཚོ་དར་ཆེན་པོའི་སྟེང་ལ་ཆགས་པའི་བུལ་ཏོག་ནི་དཀར་བང་ངེར་མང་དུ་ཡོད། བུལ་ཏོག་ནི་ཞུན་ཆགས་དཀར་པོ་ཁྲོབ་ཁྲོབ་ཏུ་ཡོད་པ་ཞིག་ཡིན་ལ། དེ་ནི་ཁ་ལ་མངར་ཞིང་ལན་ཚྭ་སྨན་བུལ་ཞེས་ཀྱང་ཟེར། འདི་ནི་བོད་སྨན་གྱི་རྫས་ཁྱད་པར་བ་ཞིག་ཡིན་པས་སྨན་པ་རང་གིས་ལེན་པ་དང་ཡང་ན་གཞན་ལ་ཟོང་སྐུར་གྱི་ཚུལ་དུ་ལེན་པའང་ཤིན་ཏུ་མང་།