【རྟེན་འབྱུང་།】རྩྭ་ཡི་རབ་བྱེད།
ཁུངས། ཀློག་གྲངས། 22

图片

འགྲོ་བ་མིའི་རྟེན་སྐལ་དུ་གྱུར་པའི་སྤྱི་འཇིག་རྟེན་ཁམས་ནི་རྩི་ཏོག་སྨན་ཏོག་སྟེ་སྔོ་ཡི་ཁམས་ཆེན་པོ་ཞིག་གིས་གྲུབ་ཡོད་ལ། སྔོ་ཡི་སྐྱེ་རྒྱ་དང་རྩི་བཅུད་དག་གིས་སྲོག་ལྡན་གྱི་ཁམས་ཕྲ་རགས་ཀུན་ལ་དབུགས་ཀྱི་འབྱིན་རྔུབ་བསྩོལ་བའི་སྐལ་བ་ནི་སྐད་ཅིག་ཙམ་ལའང་ཆད་མ་མྱོང་བར་གནས་ལ། དེ་ལྟར་དུ་དུད་འགྲོ་ཟོག་དང་ཡར་སྐྱེས་རྩྭ་ཡི་འབྲེལ་བའི་ཆ་ནས་བལྟས་ན་དེ་བས་ཀྱང་འབྲལ་དུ་མེད་ལ་གྱེས་སུ་མེད་པའི་འཁོར་རྒྱུན་གཅིག་གི་ལྟེ་བ་བཞིན་གནས་ཡོད།

རྩི་ཏོག་གི་ཡུལ་ཁམས་ཆེན་པོ་ནས་འདི་ལྟར་འབྲོག་དང་འབྲོག་གི་རྒྱུན་མ་ཞིག་དེད་ན་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དུ་གཏོགས་པའི་མཛོད་དགེ་རྩྭ་ཐང་དུ་རྩྭ་དང་འབྲོག་ལས་བར་གྱི་འབྲེལ་བའི་ཕྲེང་ཐག་རིང་པོ་ཞིག་ཀྱང་མ་བཅོས་རང་བཞིན་གྱིས་རྒྱུན་མར་ཆགས་ཡོད།

ཁོ་མ་བུ་གཉིས་ནི་མཛོད་དགེ་ཡུལ་ནས་འབྲོག་པའི་བུད་མེད་སྤྱི་དང་འདྲ་བར་ནམ་ཁ་བཟུང་སྐར་མ་ལག་བཟུང་གིས་ལས་ཀར་བརྩོན་པ་ཞིག་རེད། ཞོགས་པ་འདིར་མོས་གདང་ལ་བཏགས་པའི་འབྲི་མོ་དག་རེ་རེ་བཞིན་བཞོ་བཞིན་ཡོད། ཡུལ་འདིའི་རྩྭ་ཆུ་ངོ་མཉམ་པའི་སྟོབས་ཀྱིས་འོ་མ་མོད་ལ་ནུ་ཁ་ཡང་བ་ཞིག་ཀྱང་རེད།

图片

ཡུལ་འདི་ནི་ས་མགོ་མཐོ་ལ་གྲང་ངར་ཆེ། བུ་ཡུག་རྒོད་ལ་དུས་རྟག་ཁ་བ་འབབ་ས་ཞིག་ཡིན་མོད། འོན་ཀྱང་ད་ནི་དབྱར་ལ་བསྙེགས་ཟིན་པས་དུས་བཞི་རྒྱལ་མོའི་འཁོར་འགྲོས་ལ་བསྟུན་ཏེ་བལྟས་ཚེ་ཆེས་སྐྱིད་པའི་དུས་ཤིག་རེད། ཡུལ་འདི་ལ་རྩྭ་ཆུ་ངོ་མཉམ་ནས་ཡོད་ལ། སྤང་མེ་ཏོག་ལ་ཞལ་ཁ་ཕྱེ་ཞིང་ཟེའུ་འབྲུ་རྒྱས་པའི་སྐབས་འདིར་ནོར་ནག་མོའི་རྭ་རྩེད་དང་མཆོང་རྩེད་སོགས་དང་བསྟུན་ནས་སྐྱིད་སྔོ་ལྡུམ་གྱི་མགུལ་བ་སག་གེར་བྲེགས་ཤིང་ཁ་ལ་ཟ་བ་ཞིག་རེད།

མོས་འོ་མ་བཞོས་ཚར་བ་དང་བེའུ་ཚང་མ་རེ་རེ་བཞིན་བེའུ་གདང་ལ་བཏགས་ནས་རྩྭ་ཁར་འགྲོ་བའི་འབྲི་མོ་དག་དང་ཁ་བཀར། ལྷས་ལ་བཏགས་པའི་ནོར་ཁྱུ་དེའང་རི་ཁའི་རྩྭ་ཁ་ཆུ་ཁར་ཁ་ལོ་མགོ་ལོ་བྱས།

ནོར་ཕུད་པའི་རྗེས་ལ་ལྷས་ཡོངས་ནི་ལྕི་བས་ནག་ཐར་རེ་ཡོད་ལ། མོས་ལྕི་བ་དག་ལྷས་ནས་རྒྱབ་ལ་ཁུར་བའི་སླེ་བོའི་ནང་དུ་བཏུས་ཏེ་ཕྱོགས་གཅིག་ཏུ་ཕུད་ལ་ཉི་མར་ལྡེ།

图片

ད་དུང་བསྐམས་ཟིན་པའི་ཨོང་བ་དག་ཁྱིམ་དུ་བླངས་ནས་མེ་ཁ་གསོས། འདི་ལས་ཀྱང་རྩྭ་ནོར་ནག་གིས་བཟས་ན་ལྕི་བ་བྱུང་ཞིང་ལྕི་བ་བསྐམ་ན་ཨོང་བར་འགྱུར་བ། ཨོང་བ་ཐབ་ལ་དེད་ན་འབུད་ཆས་སུ་འགྱུར་བ་འདིའང་རྟེན་འབྱུང་གི་རྒྱུན་ཐག་གཅིག་འཐོར་མེད་དུ་གྲུབ་ཡོད།

ད་ནི་མ་བུ་གཉིས་ཀྱིས་བཞོས་ཟིན་པའི་འོ་མ་དག་ཐབ་ལ་སྐྱོན་ནས་འོ་མ་སྲུབ་འགོ་བརྩམས། འོ་སྲུབ་འཕྲུལ་ཆས་ཀྱིས་མར་དང་དར་བ་ཕྱོགས་གཉིས་སུ་བཀར་ནས་ཐོན་བྱུང་ལ། འདིའང་རྟེན་པ་རྩྭ་ལས་བྱུང་བའི་ཉིང་བཅུད་ཅིག་དང་ནག་མོ་ནོར་ལས་ཐོན་པའི་ཁ་ཟས་ཀྱི་སྙིང་བོ་དེའང་ཡིན།

དེ་དང་དེ་བཞིན་དུ་འབྲོག་ས་དང་རྩྭ་ས། རྟ་ནོར་དང་ར་ལུག་སོགས་ཀྱི་འབྲེལ་ཐག་གི་རྒྱུན་དེ་རིང་དུ་བཟུང་བའི་ཚེ་རྨ་ཆུའི་ལྷོ་རྒྱུད་ཀྱི་འབྲོག་ས་ཆེན་པོ་རྩེ་གཞུང་ཡུལ་དུའང་དབྱར་རྩི་ཏོག་གི་འདབ་མ་ལྷུག་པོར་གྲོལ་བའི་དུས་སུ་སྔོ་ཡར་སྐྱེས་ལ་རྩི་བཅུད་རྒྱས་ཤིང་སྐྱིད་མེ་ཏོག་གི་ཞལ་ཁ་ལྷེམ་མེར་ཕྱེ་ཡོད་ལ། སྲོག་ལྡན་འབུ་སྲིན་ཕྲ་མོ་ཡིན་ཡང་ནུར་འགྲོས་ནས་གོམ་འགྲོས། གོམ་འགྲོས་ནས་འཕུར་ལྡིང་དུ་རྩེན་ལ། ཆེན་པོ་རྟ་ནོར་ལུག་གསུམ་ཡང་ཤ་ཟད་རུས་སྐམ་ནས་ཤ་ཆེན་ཤུར་གདོང་། འཁྱར་འགྲོས་འཁྱོར་འགྲོས་ནས་རྒྱུག་འགྲོས་བང་འགྲོས་སུ་འཕར་ཏེ་སྐྱིད་ཀྱི་བང་ཁ་གང་བའི་ན་དམར་གཞུང་ཞེས་པ་ལྟར་ཡོད་ལ། དེ་ལ་རྟེན་པའི་རྫི་བོ་དག་གིས་ཀྱང་སྙན་འཇེབས་ངག་གི་རྟ་དབྱངས་ལ་འགུགས་ལུགས་བཅོ་བརྒྱད་ཅེས་པ་ལྟར་འཇེབ་ལྷང་ལྷང་དུ་རྫི་གླུ་ལེན།

图片

ལུག་རྫི་འདིའི་མིང་ལ་མཚོ་རྒན་ཚེ་རིང་རྒྱལ་ཟེར། འབྲོག་ས་ནས་ལུག་གི་འཚོ་སྐྱོང་དང་འབྲེལ་ནས་རྩྭ་ལ་བརྟག་དཔྱད་བྱེད་པ་དང་ཟིན་དུ་འགོད་པ། རྒན་པ་རྣམས་ཀྱི་ཁ་རྒྱུན་ངག་རྒྱུན་ལེན་པ་སོགས་ཉམས་མྱོང་ལེན་མཁས་པའི་ལུག་རྫི་ཞིག་ཡིན། དེ་རིང་ཡང་ཁོ་རི་ཁར་ཕྱིན་ནས་ལུག་རྫི་ཡིན་ལ་རྫི་བོ་གཞན་དག་དང་འབྲེལ་ནས་ཁ་བརྡ་བྱེད་བཞིན་ཡོད་པ་ཞིག་རེད།

རྩི་ཏོག་ནག་གྱིག་གེར། མེ་ཏོག་ཁྲ་ལམ་མེར་ཡོད་ནའང་ཡུལ་དེའི་རི་ཁའི་ལུག་གི་རྫི་བོ་དག་ལ་མཚོན་ན་རྩྭ་རིགས་ཀྱི་དཔྱད་པ་སྣ་ཚོགས་ཤིག་ཡོད། ཟླ་བཞི་བའི་ནང་གི་སྔོ་མགོ། སྔོ་མགོ་ཟ་དུས་ཤ་སྣག་དང་ཁྲག་གསོག་ཐུབ། ལྔ་བའི་ནང་གི་གླང་མགོ། གླང་མགོ་ཟ་དུས་ཕྱིའི་རྨ་རིགས་འགོག།  དྲུག་པའི་ནང་གི་རམ་མགོ། རམ་མགོ་ཟ་དུས་ཁོག་གི་རྨ་རིགས་འགོག།  བདུན་པའི་ནང་གི་རྩི་མགོ། རྩི་མགོ་ཟ་དུས་ཙག་ཐུབ། བརྒྱད་པའི་ནང་གི་ཆུང་མགོ(ཆུང་མགོ་ནི་མེ་ཏོག་ཆུང་ཆུང་གི་མགོ་ཐམས་ཅད་ལ་ཆུང་མགོ་ཟེར) ཆུང་མགོ་ཟ་དུས་གཉོམ་ལག་ལ་ཕན་ཟེར་བ་ལྟར་སྔོ་ཡར་སྐྱེས་ཀྱི་རྩི་ཏོག་སྨན་ཏོག་ལ་བརྟེན་པའི་གཡང་དཀར་ལུག་ལའང་རྫི་བོ་དག་གིས་འདི་ལྟར་སྡོམ་རྒྱབ་ཡོད་པ་ནི་ལུག་ལ་བརྟེན་པའི་རྫི་བོས་མ་གཏོགས་སུ་ཞིག་གིས་ཤེས།

图片

དེ་བཞིན་དུ་ཡུལ་འདིའི་འབྲོག་པར་གྱུར་པའི་རྫི་བོ་གཞན་དག་ཀྱང་རྟ་ནོར་ལུག་གསུམ་གྱི་འཕེལ་ཁར་བསྟུན་ནས་འཚོ་བའི་གོམ་ཁ་རྩེ་གཞུང་ཡུལ་གྱི་རྩི་ཏོག་གི་ཁམས་ལ་འདྲེས་ནས་ཡོད་པ་ཞིག་ཡིན། ཁོ་ཚོས་ཟོག་ལུག་འཚོ་སྐྱོང་བྱ་སའི་ཡུལ་དུ་རྩྭ་རིགས་ཀྱི་མཛོད་དུ་གྱུར་བའི་རི་རྒྱུད་ལུང་རྒྱུད། བརླན་གྱི་འབྱུང་ཁུངས་སུ་གྱུར་བའི་གཤོང་ས་ཁོད་ཡངས་སོགས་ཡོད་ལ། དེ་རུ་ཕན་ཚུན་བརྟེན་ཞིང་འབྲེལ་བའི་འབྲོག་ལས་ཀྱི་འཚོ་བའི་གོམ་འགྲོས་དལ་མོ་ཞིག་གིས་རྩྭ་ཆུ་གཉིས་ཀ་དོ་མཉམ་ཞིང་མི་ཕྱུགས་གཉིས་ཀ་སྐྱིད་མཉམ་པར་རེ་ཞིང་བསྙེག

རྫི་བོ་དག་གི་བཤད་རྒྱུན་དང་མཉམ་མྱོང་ལས་ནད་རིགས་སྣ་ཚོགས་ལ་སྨན་བཅོས་བྱ་མི་དགོས་པར་རྟེན་པའི་རང་བཞིན་གྱིས་ཡོད་ཚད་ལས་སླ་བོས་དྲག་སྐྱེད་བྱུང་ཐུབ་པ་ཞིག་ཀྱང་རེད། སྤང་རྩྭ་ལ་འགྲོགས་པའི་སྤང་སྒོག་གིས་ལུག་གི་རྭ་འབུའི་རིགས་ཀྱི་ནད་རིགས་འགོག་པ། དེ་བཞིན་དུ་མེ་ཏོག་ཁ་ཚ་དང་འབྲེལ་ནས་རྨ་རིགས་ཀྱི་ནད་སྣ་ཚོགས་བཅའ་ཐུབ་པ། ཚྭ་དང་འབྲེལ་ནས་ཁོག་ནད་བཅའ་ཐུབ་པ་སོགས་རང་བྱུང་ཁམས་ཀྱི་མེ་ཏོག་དང་ལྡུམ་རིགས། རྩྭ་དང་ཚྭ་སོགས་ལ་བརྟེན་ནས་གང་ལ་གང་མཐུན་གྱི་རྟེན་པའི་རི་མོ་ཞིག་ཀྱང་བཅོས་མིན་དུ་གྲུབ་ཡོད།

图片

རྩྭ་དང་རྩི་ཏོག ལྡུམ་དང་སྨན་ཏོག སྤང་དང་མེ་ཏོག་སོགས་བརླན་ལ་བརྟེན་པའི་སྔོ་ཡི་རང་བཞིན་ཅན་དག་ལ་ནི་མཐོ་ནམ་མཁའ་ལ་ཆགས་པའི་སྤྲིན་པ་ལས་རྩུབ་ཤ་མི་ཆེ་མི་ཆུང་སྦྲང་ཆར་དང་ཙག་ཤ་མི་ཆེ་མི་ཆུང་དྲོད་ཆར། དུས་ལ་གང་འཕྲོད་ཟིམ་ཆར་སོགས་ཀྱིས་སྐྱེ་དངོས་གྲངས་སུ་ལེན་པར་དཀའ་བ་ཞིག་བསྐྱངས་ནས་ས་ཁར་འབུད་བཞིན་ཡོད།

དེ་བས་དུས་ཀྱིས་སྐྱེད་པའི་སྔོ་ཡི་ཁམས་ལ་དགའ་ཞིང་ཞིབ་འཇུག་གི་ལས་ཀ་བགྱི་མཁན་ཡང་མང་པོ་ཞིག་ཡོད། ཁོ་ལྟ་བུ་ལ་མཚོན་ན་ནམ་རྒྱུན་པར་ལེན་དང་བརྙན་ལེན་གྱི་ལས་ཀ་ཁོ་ནར་བརྟེན་ནས་སྐྱེ་ཁམས་མ་ལག་གི་རྒྱུ་བ་དང་འགྱུར་བའི་ཆ་ནས་མེ་ཏོག་རྐྱང་རྐྱང་ཟིན་འགོད་བྱེད་མཁན་ཞིག་ཡིན།

གཙོ་བོ་དབྱར་མེ་ཏོག་བཞད་པའི་སྐབས་ལ་ལོ་རེ་རེ་བཞིན་ཇེ་མང་དུ་འགྲོ་བའི་མེ་ཏོག་གི་རིགས་དང་ཇེ་ཉུང་དུ་འགྲོ་བའི་མེ་ཏོག་གི་རིགས། ད་དུང་རྩ་མེད་དུ་འགྲོ་བའི་མེ་ཏོག་གི་རིགས་སོགས་ཁ་ཁ་སོ་སོར་བགར་ལ་ཟིན་དུ་བཀོད་ནས་ཉར་ཚགས་བྱེད་བཞིན་ཡོད།

图片

མེ་ཏོག་ལ་རྟེན་པའི་ཁོའི་ལས་ཀ་འདིའི་གོ་རིམ་ཁྲོད་སྲིད་པའི་འབྱུང་བཞིའི་འགྱུར་བ་ངེས་ཅན་ཞིག་ཤེས་ཐུབ་ལ། སྣོད་བཅུད་ཀྱི་འཁོར་འགྲོས་ལ་ཐེབས་པའི་ལེགས་ཉེས་གཉིས་ཀྱི་ལམ་ཁ་ཞིག་ཀྱང་གསལ་བོར་མཐོང་ཡོད།

དེེ་ལྟར་ཁོའི་པར་མིག་ལ་ལེན་བཞིན་པའི་ཡུལ་ཁམས་འདི་ན་ལུག་མིག་མེ་ཏོག ཨུཏྤལ་སྔོན་པོ། སེར་ཆེན་མེ་ཏོག སོ་ལོ་དམར་པོ། ཤེའུ་དར་སྒེའུ་དར་སོགས་མིག་གི་དབང་པོ་ཅིག་ཅར་དུ་འཕྲོགས་ལ་སྙིང་དུ་སྡུག་པའི་ཡུལ་ཁམས་ཤིག་གྲུབ་ནས་ཡོད་ལ། ཁམས་དེའི་མཛེས་པ་མ་ལུས་སྐྱིད་དུ་ལེན་བཞིན་པའི་འབྲོག་གི་རུ་སྡེ་དག་གིས་ཀྱང་བཞོ་འབྲིའི་དཀར་ཆུ་ལ་འབྲེལ་ནས་འོ་མའི་ངད་ཁ་ལྡིང་ཞིང་དུ་ཞགས་ལང་ལོང་གིས་སྤང་ཐང་གི་འཚོ་བའི་གཞི་ལ་ཁྱབ།

图片

ད་ནི་མོས་ཉིན་སྔོན་མའི་དར་བ་སྐོལ་ནས་ཆུར་བ་བཙགས་པ་མ་ཟད། ཆུར་ཁུག་ལ་གསར་དུ་སྐོལ་བའི་ཆུར་བ་བླུགས་ཤིང་སྔོན་མོ་ཆུར་ཁུ་དེའང་ག་ལེར་འཛར་བཞིན་ཡོད། དུས་ཚོད་ཕྱེད་ཀ་ཙམ་གྱི་རྗེས་ལ་འཛར་ཟིན་པའི་ཆུར་བ་དེ་ལྟེབས་སུ་བླངས་ནས་ཉི་མར་ལྡེ།

དེ་ལྟར་ཉི་མའི་ཕྱི་དྲོ་ཙམ་ལ་སླེབས་དུས་མོས་ཉིན་སྔོན་མར་སྣོད་ལ་བླངས་པའི་མར་དག་བསྣོས་ཤིང་ཆུ་བཙགས་བྱས། མར་ལོ་ནི་མོའི་དཀའ་ལས་དཀའ་ཚེགས་ཀྱི་ལས་ཀ་འདིའི་བཅུད་ཀྱི་སྙིང་བོ་འབའ་ཞིག་ཡིན་ལ། ཉིང་བཅུད་དེའི་རྩ་བ་དེད་ནའང་རྩྭ་ནས་ནོར། ནོར་ནས་འོ་མ། འོ་མ་ལས་མར་ཆུར་སོགས་འཐོར་མེད་དུ་འཁྱུད་ནས་ཡོད།

图片

རྩི་ཏོག་གི་ཁམས་ཆེན་པོའི་ཆུ་བོའི་བཞུར་རྒྱུན་ལ་ཁེབས་ཆགས་ཏེ་མུ་ནས་མུ་རུ་བཞུར་བའི་སའི་དཀྱིལ་འཁོར་ལ་བོག་ཐོན་པའི་སྐབས་རུ་འདབས་སྡེ་འདབས་སུ་སྔོ་ཡི་རིགས་མང་པོ་ཞིག་ས་ཁར་ཐོན་མུས་འདུག་ལ། དེ་ལས་ཀྱང་དཔྱིད་དབྱར་འདྲེས་མཚམས་སུ་མི་རྣམས་ཤིན་ཏུ་ཟ་རྒྱུར་དགའ་བའི་ཙ་ཀོ་ཞེས་པ་ཞིག་སྐྱེས་ཡོད། ཙ་ཀོ་ནི་སྡེབ་གཅིག་ཏུ་ཕུང་བོ་དང་ཚོམ་བུར་སྐྱེས་པ་ཞིག་མ་ཡིན་པར་ཁེར་ལྡིང་ཉིས་ལྡིང་དུ་ས་ཁར་འབུད་པའི་ལྡུམ་རིགས་ཤིག་ཡིན། ལྡུམ་རིགས་དེའི་མྱུ་གུ་ས་ཁར་བུད་ནས་ཅུང་ཙམ་ལས་འགོར་མེད་པའི་སྐབས་མི་རྣམས་ཀྱིས་ཁ་ཟས་སུ་ཟ་བ་མ་གཏོགས་དུས་དེ་འཛར་བའི་ཚེ་ཟས་སུ་མི་བསྟེན། ཙ་ཀོ་ཞེས་པའི་མིང་དེ་དོན་དངོས་སུ་ཀོ་སྙོད་ཀྱི་མྱུ་གུ་འབུས་པའི་སྐབས་ལ་ཟེར་བ་ཡིན།

དེ་རིང་ཁོ་མོ་ཚོས་ཁོམ་སྐབས་དང་བསྟུན་ནས་སྡེ་འདབས་སུ་བུད་དེ་ཙ་ཀོ་འཐུ་བཞིན་འདུག  སོ་སོའི་ས་ནས་འཐུ་ལ་ལྷན་དུའང་འཐུ། ཙ་ཀོ་འཐུ་བའི་དུས་ལ་སྙན་འཇེབས་ཀྱི་གླུ་ལེན་པ་སོགས་དགའ་སྣང་སྤྲོ་སྣང་གིས་ལས་ཀ་དེའི་མགོ་རྔ་ཀུན་ལ་འཇུ་བ་ཞིག་རེད།

图片

ཙ་ཀོ་བཏུས་ནས་ཚགས་སུ་ཆུད་རྗེས་ཕྱིར་རང་ཁྱིམ་ལ་ལོགས་ཤིང་གཙང་སེལ་བྱས་པ་མ་ཟད། ད་ལྟ་ཆུ་ལ་བཀྲུ་བཞིན་འདུག ཁོ་མོ་ཚོས་བཤད་ན་འདི་ནི་མ་མཐའ་ཡང་ཐེངས་གསུམ་ཙམ་ལ་བཀྲུ་དགོས་ཟེར། བཀྲུས་ཚར་བ་དང་ཆུ་ལ་བཙགས་ཐག་ཆད་དུ་འཇུག་དགོས་ཟེར།

ད་ནི་ཙ་ཀོ་འཐག་ཚར་བ་དང་དེའི་ནང་ལ་ཚིལ་དང་ཚྭ་སོགས་བསྲེས་པ་མ་ཟད། གྲོ་ཕྱེ་བརྫིས་ཏེ་རླངས་ཚོད་བཅོས། རླངས་ཚོད་ནི་སྐར་མ་བཅུ་ཁ་ལས་མ་འདས་པར་རླངས་པ་ཐོལ་ལེར་གཡོ་སྐོལ་གྱི་ལས་ཀ་དེ་ཡོངས་སུ་གྲུབ་སྟེ་ས་ཆེན་པོས་སྐྱེས་སུ་བཏགས་པའི་ཁ་ཟས་དྲིན་པོ་ཆེ་དེ་ལ་རོ་བྲོ་མྱང་བཞིན་གདའ།

དེ་ལྟར་རོང་འབྲོག་གི་རུ་སྡེ་གང་ཞིག་ཡིན་ཡང་སྔོ་ལ་མཚོན་ན་ཁ་ལ་ཟས་སུ་རུང་བ་ནས་རིན་ཆེན་སྨན་དུ་འགྲོ་བ་སོགས་ཀྱིས་ཡོངས་སུ་བསྐོར་ནས་ཡོད་ལ། རང་བྱུང་ཁམས་ཀྱིས་གནང་བའི་རང་བྱུང་གི་སྐྱེ་དངོས་འདི་དག་གིས་ཀེར་ནས་འགྲོ་བའི་མི་དང་དུད་ནས་འགྲོ་བའི་ཟོག་རྣམས་ལ་བཅོས་མིན་གྱིས་མིག་ལ་སྐྱིད་སྟེར་བ། ཁ་ལ་ཞིམ་སྟེར་བ། ལྕེ་ལ་རོ་སྟེར་བར་བྱེད་པ་སོགས་ནི་བསྐལ་བའི་བར་དུ་འབྲལ་ཐབས་ཀྱིས་དབེན་པའི་འབྲེལ་བ་ཞིག་རེད་ཨང་།

图片

མཚོ་རྒན་ཚེ་རིང་རྒྱལ་གྱི་ལུག་ལ་འཚོ་སྐྱོང་བྱ་སའི་ཡུལ་འདི་ལ་བྲག་ལུང་ཀླད་ཟེར། ཡུལ་ལ་འདི་ཁོ་བརྩེ་འདང་ཤིན་ཏུ་ཆེ། མགར་རྩེ་ཚོ་བ་བདུན་གྱི་ཕ་མེས་ཡང་མེས་ཀྱང་ཡུལ་འདིའི་སྔོ་ཡར་སྐྱེས་དང་ཆུ་མར་འབབ་ཀུན་ལ་བརྟེན་ནས་འཚོ་མྱོངས་ཤིང་ད་ལྟའི་མི་རབས་བར་མ་དག་ཀྱང་འདི་ལ་བརྟེན་ནས་འཚོ་བཞིན་ཡོད་པ། འབྱུང་འགྱུར་གྱི་མི་རབས་རྗེས་མའང་ས་འདི་ལ་འབྲེལ་ནས་གསོན་དགོས་པ་ཡིན་ཟེར།

སྤྱིར་ཡུལ་འདི་ལ་མཚོན་ན་ཙག་ཁ་གྲང་རླུང་རྒོད་ས་ཞིག་ཡིན་མོད། ཡུལ་འདིའི་རྩྭ་དང་རྩི་ཏོག་གི་ཁམས་ལ་གནས་པའི་ལུག་ཅེས་པ་འདི་ནི་སྲོག་ཆགས་གཞན་དང་མི་འདྲ་བར་ཙག་སྦྱངས་བྱ་དགོས་པ་ཞིག་མིན། སྲོག་ཆགས་ཀྱི་འགྱུར་བ་ལྟར་ན་ལུག་ནི་གཉན་ལས་ཆད་པ་ཡིན་ལ། གཉན་ནི་རི་དྭགས་ཀྱི་རིགས་སུ་གཏོགས་ཕྱིར་རི་ཁ་བྲག་ཁ་སོགས་སུ་སྡོད་པའི་སྟབས་ཀྱིས་ལུག་ཀྱང་དེ་བཞིན་དུ་་ཙག་ཁ་དང་རླུང་ཁ། ཁ་ཆར་དང་བུ་ཡུག  བརླན་ས་དང་གཤེར་ས་སོགས་སུ་བསྡད་ཀྱང་སྡོད་མི་ཚུགས་པའི་ཆ་མེད་པ་མ་ཟད། གནས་དེར་ཧ་ཅང་འཕྲོད་ངེས།

图片

ཁོས་རྩྭ་དང་ལུག་གི་འབྲེལ་བར་དམིགས་ནས་རྩྭ་གང་འཕྲོད་ཀྱི་ཆ་ལ་རིག་པ་རྩེ་གཅིག་གིས་ཡོད་ལ། སློབ་ཆེན་འགྲིམ་པའི་ཤེས་ཡོན་པ་ཞིག་གི་ཆ་ནས་ལུག་གི་འཚོ་སྟངས་ལའང་དེང་རབས་དང་དུས་རབས་ལ་བསྟུན་ནས་འབད་པ་བྱེད་བཞིན་ཡོད་པ་མ་ཟད། ནམ་ཟླ་དྲོད་ལ་སྙེག་པའི་ཚེ་ནངས་སྔ་ལངས་ཀྱི་བྱ། དགོང་འཕྱི་ཉལ་གྱི་དོན་ཟེར་བ་ལྟར་ལུག་ལ་རྩྭ་ཁ་ཆུ་ཁ་གང་འཛོམས་བྱེད་བཞིན་ཡོད།

དུས་ཚུགས་ཀྱི་འགྱུར་བ་དང་བསྟུན་ནས་བཤད་ན་སྔོ་ཡི་རྩི་བཅུད་རྒྱས་པའི་དུས་ནི་བཞི་བ་ལྔ་བའི་ནང་ཡིན་པས་ཤ་ལུག་ཅེས་སུག་བཞི་གཟུག་ལ་ཤ་སྣག་གི་དམིགས་པ་གཙོ།  བདུན་པ་བརྒྱད་པའི་ནང་ལ་སྔོ་ཡི་རྩི་བཅུད་བསྡུ་བའི་དུས་ཡིན་པས་ཚིལ་ལུག་ཅེས་སུག་བཞི་གཟུག་ལ་ཚིལ་ཞག་གི་དམིགས་པ་གཙོ།  དགུ་བ་བཅུ་བའི་ནང་ལ་སྔོ་ཡི་རྩི་བཅུད་ཉམས་པའི་དུས་ཡིན་པས་བལ་ལུག་ཅེས་སུག་བཞི་གཟུག་ལ་བལ་ཁའི་དམིགས་པ་གཙོ། འདི་ལྟར་སྔོ་ལ་རྩི་བཅུད་རྒྱས་པ་ནས་བསྡུ་བ། བསྡུ་བ་ནས་ཉམས་པའི་བར་དུ་དེ་ལ་རྟེན་པའི་ལུག་གི་དམིགས་པ་མི་གཅིག་པ་མ་ཟད། ལུག་ལ་རྟེན་པའི་རྫི་བོའི་རིག་པ་དང་ཤེས་རབ་ཀྱང་མི་འདྲ་བ་ཞིག་གྲུབ་ཡོད།

图片

དེ་ལྟར་རི་སྐྱེས་སྔོ་ལ་འབྲེལ་བའི་སྤང་རྩྭ་སྟུག་པོའི་ཁྲོད་དུ་ད་དུང་གཅན་གཟན་རི་དྭགས་ཀྱང་སྣ་ཚོགས་ཡོད་ལ། དེ་དག་ལས་གཡང་མོ་ལུག་ལ་སྡང་བའི་གཅན་གཟན་སྤྱང་ཀིའི་རིགས་ཀྱང་མང་དུ་སྣང་།

དུས་ཀྱི་འགྱུར་བ་དང་བསྟུན་ནས་རི་ལུང་ཐང་གསུམ་ལྕགས་དྲས་བསྐོར་བ་དང་རྩྭ་ས་དམ་དྲག་ཏུ་སྲུང་བའི་དབང་གིས་ནམ་ཡང་འདུར་རྒྱུག་བྱེད་པའི་སྤྱང་ཀི་ལ་འཚོ་ཐབས་ཀྱི་ཁ་ཕྱོགས་སྡུག་ཏུ་ཆགས་ཡོད། ཁོར་སྲུང་བ་གཡུ་སྒྲ་ལྟ་བུ་ལ་མཚོན་ན་སྤྱང་ཀི་ཞིབ་འཇུག་དང་སྲུང་སྐྱོབ་པ་ཞིག་ཡིན།

ཁོས་ནམ་རྒྱུན་པར་ཆས་ཁུར་ནས་འབྲོག་མི་རྒན་པ་དག་གི་སར་སོང་ནས་སྤྱང་ཀིའི་འགྲོ་འདུག་འདྲི་བ་དང་སྤྱང་ཚང་འཇོག་སྟངས། སྤྱང་ཕྲུག་གསོ་སྟངས་སོགས་རེ་རེ་བཞིན་ཟིན་ཏུ་ཕབ་པ་དང་སྒྲ་ལེན་པ་སོགས་བྱེད་བཞིན་ཡོད་ལ། སྤྱང་ཀི་འཚོ་སྡོད་བྱ་སའི་ཡུལ་ལུང་མང་པོ་ཉུལ་ཏེ་སྤྱང་ཀིའི་འཕེལ་འགྱུར་གྱི་གནས་སྟངས་ལ་དོ་སྣང་ཟབ་མོ་བྱེད་བཞིན་ཡོད།

图片

འདི་ལྟར་ལྟོས་བཅས་ཀྱིས་སྤྱང་ཀི་ནི་འབྲོག་པ་རྣམས་ཤིན་ཏུ་མི་དགའ་བའི་གཅན་གཟན་གྱི་རིགས་སུ་འདུ་ན་ཡང་ཁོར་སྲུང་བའི་ངོས་ནས་འཇིག་རྟེན་ཁམས་ན་དགྲ་དང་གྲོགས་ཀྱི་དབྱེ་བ་མེད་པར་དབུགས་ལྡན་མཐའ་དག་ལ་གཅིག་མཚུངས་ཀྱི་ལྟ་ཚུལ་འཛིན་ཞིང་སྲོག་ལྡན་སྐྱེ་འཕེལ་གྱི་ཕྲེང་རྒྱུན་ལས་བཟང་ངན་གང་ཞིག་ཉམས་པར་གྱུར་ན་དེ་ནི་འཁོར་བ་དེའི་ཕྲེང་རྒྱུན་འཐོར་བ་ཡིན་པས་འབད་པ་ཅི་ཐོན་གྱིས་སྲུང་བར་བྱེད་པ་ཞིག་རེད།

དེ་བཞིན་འཚོ་བའི་ཁམས་ནས་ཕན་ཚུན་འབྲེལ་བ་དང་བསྟུན་པ། རྟེན་པ་དང་འདྲེས་པར་གྱུར་བའི་དབང་གིས་སྲོག་ལྡན་ཡིན་མིན་མཐའ་ལ་གཞི་གཅིག་གི་ངོ་བོ་ལྟ་བུའི་སྐ་རགས་ཤིག་གིས་བཅིངས་ནས་ཡོད་ལ། སྐ་རགས་དེའི་ངོ་བོ་རང་བཞིན་མ་ནོར་ཚེ་ནམ་ཡང་རྟེན་འབྱུང་བདེན་པའི་རིག་ལམ་དེའང་གསལ་ལེར་རིང་དུ་འཐེན་ནས་ཡོད་པས་འབྲོག་གི་ཁྱིམ་ཚང་འདིས་ཀྱང་ཉིན་གཅིག་གི་ངལ་བ་གསོ་ཕྱིར་རྟེན་པ་ནགས་མའི་ཁམས་ནས་ཐོན་ཞིང་ཁེ་ཚོང་གི་འདབ་ལག་ལ་ཟུག་པའི་ཟུང་མཁར་ཇ་ལོའི་ཁུ་བ་དམར་སྨུག་དེར་འབྲོག་གི་འོ་མའི་ངད་ཁ་བསྲེས་ཏེ་ཁ་དང་མིད་པའི་སྐོམ་པ་ཐེངས་གཅིག་བསད་ལ་གཅིག་འབྱུང་གཅིག་འདྲེས་ཀྱི་འཚོ་བའི་བཞུར་རྒྱུན་ལ་ཡང་བསྐྱར་ཕྱོགས་གཞན་ཞིག་ནས་དབུ་ཁྱུད་ཅིག་འབྲི་བར་བྱས།