【རྟེན་འབྱུང་།】བྱེ་མའི་རབ་བྱེད།
ཁུངས། ཀློག་གྲངས། 19

图片

图片

བྱེ་མ་ནི་ས་གཤིས་ལ་འགྱུར་བ་བྱུང་བའི་རྡུལ་གྱི་རིགས་ལ་གཏོགས་ཤིང་བྱེ་མས་ས་གོ་ལའི་ངོས་སུ་སུམ་ཆའི་གཅིག་གི་གནས་སྨག་མེད་དུ་ཟིན་ཡོད། མི་རྣམས་ཀྱིས་བྱེ་མས་ཟིན་པའི་ཡུལ་དུ་སྲོག་དང་བྲལ་བའི་མྱ་ངམ་ཐང་ཞེས་ཀྱང་ཟེར། རྒྱུ་མཚན་ནི་ཡུལ་ལུང་གཞན་དང་བསྡུར་ན་བྱེ་མ་ནི་མ་གཞི་ནས་ཆུ་དང་བྲལ་བ། བརླན་དང་ཉུང་བ། ཁ་ཟས་དཀོན་པའི་ཡུལ་ཁམས་སུ་བརྩི་བ་མ་ཟད། འབུ་སྲིན་ཕྲ་མོའི་རིགས་ཀྱང་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་སའི་སྡུག་རྩུབ་ཀྱི་ཡུལ་ཁམས་ཤིག་ཡིན་པ་མ་ཟད། སྐྱེས་ཁམས་མ་ལག་ཤིན་ཏུ་རབ་ཏུ་གཉོམ་སའི་རྩ་ལག་ཅིག་ལའང་རྩི་བཞིན་ཡོད་པས་ཡིན།

སྲོག་ལྡན་མང་པོའི་ཚེ་ཡི་རྒྱུན་སྐྱོང་ཐབས་བྲལ་བའི་བྱེ་མའི་རི་གྲོང་དུ་རྔ་མོང་ལྟ་བུའི་སྲོག་ཆགས་དང་འབྲེལ་ནས་བལྟས་ན་བྱེ་མས་མིའི་རིགས་ལ་འཚོ་བའི་ཞིམ་མངར་སྐྱེལ་ཐུབ་ཅིང་བདེ་སྐྱིད་ཀྱི་སྣང་བ་སྟེར་པའི་ཡུལ་ཁམས་སྙིང་དུ་སྡུག་པ་ཞིག་ཀྱང་ཡིན།

མཚོ་སྔོན་པོའི་ནུབ་ཕྱོགས་ཀྱི་ཚྭ་འདམ་གཞོངས་ས་རུ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་སུམ་ཁྲི་བཞི་སྟོང་དགུ་བརྒྱ་ཙམ་གྱིས་ཟིན་པའི་བྱེ་མའི་ཡུལ་ཁམས་ཤིག་ཆགས་ཡོད། གནས་དེ་ན་འཚོ་བ་སྐྱེལ་བཞིན་པའི་མི་སྡེའི་སྤྱི་ཚོགས་ཤིག་ཀྱང་ཡོད། མི་སྡེ་དེའི་མིང་ལ་ཧའོ་ཐུའུ་ཚ་ཧན་སྡེ་བ་རུ་འབོད་ཅིང་དུད་ཁྱིམ་བརྒྱ་ལྷག་ཡོད། དུད་ཁྱིམ་དེ་དག་གི་ཁྲོད་རྔ་མོང་འཚོ་རྟེན་ལ་བཟུང་བའི་དམིགས་བསལ་གྱི་ཁྱིམ་ཚང་ཡང་རེ་འགའ་ཡོད།

图片

ཁོ་ཚང་ནི་གནས་འདི་ནས་བྱེ་མ་ལ་རྟེན་ཏེ་རྔ་མོང་འཚོ་ཞིང་རྔ་མོང་ལ་རྟེན་ནས་འཚོ་བ་རོལ་བཞིན་མི་རབས་ལུ་གུའི་ཕྲེང་རྒྱུད་དུ་སོང་མྱོང་བའི་ཁྱིམ་ཚང་ཞིག་ཡིན།

འདི་ལྟར་ས་གཤིས་བཟང་བོའི་ཡུལ་དང་བསྡུར་ན་བྱེ་མའི་ཁྲོད་སྲོག་ལྡན་འཚོ་བའི་གྲངས་འབོར་ཉུང་ན་ཡང་གཏན་དུ་བེད་སྤྱོད་ཀྱི་གོང་ཐང་དང་བྲལ་བ་ཞིག་མིན། བྱེ་མའི་ཁྲོད་དུ་གོང་ཐང་མཐོ་བའི་གཏེར་རིགས་སྣ་ཚོགས་ཡོད་ལ། རྡོ་སྣུམ་སོགས་ཀྱང་འདོན་ཐུབ་པ་མ་ཟད། ད་དུང་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་གྱི་མི་རིགས་ཀྱི་རིག་དངོས་རྩ་ཆེན་དང་འགྱུར་རྡོའང་རྙེད་ཐུབ་པ་ཞིག་ཡིན།

ཧའོ་ཐུའུ་ཚ་ཧན་སྡེ་བའི་ཁྱིམ་ཚང་འདིའི་མི་རབས་བཞི་ཙམ་གྱིས་རྔ་མོང་འཚོ་སྐྱོང་བྱས་མྱོང་ལ། ད་ལྟའི་ཁོ་ཚང་ལ་མཚོན་ནའང་རྔ་མོང་ཉིས་བརྒྱ་ལྷག་གི་བདག་པོར་གྱུར་ཡོད། རྒྱུ་བདག་ཧུང་ཆི་ལགས་ཀྱིས་ཡུལ་འདིའི་བྱེ་མའི་རྒྱུ་ཕྱོགས་དང་བསྟུན་པ། ཡུལ་འདིའི་རླུང་བུའི་འཁོར་ཕྱོགས་ལ་འབྲེལ་བ། ཡུལ་འདིའི་འཚོ་བའི་གནས་སྟངས་ལ་དམིགས་པ་སོགས་གཞི་གཅིག་ཏུ་སྦྲེལ་ནས་དུས་བཞི་འགྱུར་བའི་མཚེར་ས་སོ་སོ་རུ་རྔ་མོང་འཚོ་བཞིན་འཚོ་བའི་རྟེན་ཐག་ལ་དམ་པོར་འཇུས་ཡོད་པ་ཞིག་རེད།

图片

བྱེ་མའི་གནས་སྟངས་ལ་ཞིབ་འཇུག་བརྟག་དཔྱད་བྱས་པ་ལྟར་ན་ཡང་འཛམ་གླིང་ཡོངས་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་གཉིས་ཙམ་བྱེ་མ་ཡིན་ལ། ས་གོ་ལ་སྤྱིའི་མཐའ་སྐོར་དང་བསྡུར་ན་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་གསུམ་ཟིན་ཡོད། དེ་ལས་སུམ་ཆའི་གཅིག་ནི་ས་སྐམ་རྡོ་སྲད་དུ་གཏོགས་ཤིང་། བྱེ་མས་ཟིན་པའི་གནས་ནི་ཕྱེད་སྐམ་ཕྱེད་སྲད་དུ་གཏོགས་པའི་གནས་ཡིན། ཡིན་ཡང་ས་གཤིས་བཟང་ས་དང་ཡག་སར་ཡང་ལོ་རེ་བཞིན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ཁྲི་དྲུག་ལ་བྱེ་འགྱུར་བྱུང་མུས་ཡོད་པ་མ་ཟད། ད་དུང་བརྒྱ་ཆའི་བཞི་བཅུ་ཞེ་གསུམ་ཙམ་ལ་བྱེ་འགྱུར་གྱི་རྒོལ་བ་དྲག་ཏུ་ཆེ་བ་ཞིག་རེད།

དུས་ཚིགས་འདིའི་ནང་ལ་ཁོ་ཚང་གིས་རྔ་མོང་འཚོ་སའི་གནས་གཉིས་སུ་དབྱེ་ཡོད། དགུན་སར་འཚོ་བའི་རྔ་མོང་དག་ནི་ར་ལ་སྐོར་ཞིང་འོ་མ་བཞོ་བཞིན་ཡོད། དེ་ལ་རྔ་རྫི་བཟའ་མི་གཉིས་བཞག་འདུག བཟའ་མི་དེ་གཉིས་ཀས་ཞོགས་པ་རེ་རེ་ལ་ཐེངས་རེ་བཞོ་བཞིན་འདུག རྔ་མོང་བཞོ་བའི་དུས་སུ་ནོར་ལུག་ར་གསུམ་བཞོ་བ་དང་མི་འདྲ་བར་སྐྱེས་པས་རྔ་མོང་གི་རྐང་པའི་སྒྱིད་ཁུང་ལ་ཐག་པ་བརྒྱབ་ནས་ཕྱོགས་གཅིག་ལ་བཏགས་ཤིང་སྐྱེས་མས་བཞོ་ཟེའུ་རྐེད་ལ་བཏགས་ཤིང་ཡར་ལངས་ནས་བཞོ་བ་ཞིག་རེད།

图片

ད་ནི་རྔ་རྫི་བཟའ་མི་གཉིས་ཀྱིས་བཞེས་ཚར་བའི་འོ་མ་དེ་སྣོད་དུ་གསོག་ཅིང་རྒྱ་མར་འཇལ་ལ། ད་དུང་ཡང་རྒྱུ་བདག་འོ་མ་ལེན་དུ་ཡོང་བར་སྒུག་ཡོད་པ་དང་རྔ་མོང་དག་ཆུ་ཁར་ཁ་ལོའང་བྱས། འོ་མ་བཞོ་བཞིན་པའི་མོ་རྔ་དག་ལ་མཚོན་ན་ཆུ་ལྡུད་རྒྱུ་ནི་ཉི་མ་རེ་རེ་བཞིན་འབྲལ་ཐབས་མེད་པ་ཞིག་རེད། ཡིན་ཡང་བྱེ་མའི་ཡུལ་ཁམས་འདིར་བཏུང་ཆུ་ལ་དཀའ་ངལ་ཆེན་པོ་ལྡན་པས་རྒྱུ་བདག་གིས་ཆུ་ལ་གྲོན་ཆུང་བྱེད་པ་ནི་ཁོའི་ལས་ཀའི་ཁྲོད་ཀྱི་འགན་ཁུར་ཆེན་པོ་ཞིག་རེད། རྔ་མོང་དག་རེ་རེ་བཞིན་ཆུ་ཁར་སོང་ནས་ཆུ་འཐུང་བཞིན་འདུག མྱ་ངམ་བྱེ་མའི་ཐང་ཆེན་འདིར་རྒྱུ་བདག་གིས་འོ་མའི་ཚབ་ཏུ་སྤྲད་པའི་སྐོམ་པ་ཆུ་ཡི་རྔན་པ་དེར་རྔ་མོང་དག་གིས་ཀྱང་སྙིང་དུ་སྡུག་པའི་ལོངས་སྤྱོད་ཡིད་ཚིམ་པ་ཞིག་ཏུ་སྒོམ་ཡོད་པ་འདྲ་ཨང་།

ཆུ་བཏུང་ཚར་བ་དང་རྔ་མོང་དག་གིས་མུ་མཐའ་མེད་པའི་བྱེ་མའི་རི་གྲོང་གི་དབུས་ལ་ཁ་ཟས་ལྟོ་འཚོལ་དུ་དལ་གྱིས་ཆས་འགྲོ་བ་ཞིག་རེད། སྤྱིར་བཏང་འཚོ་བའི་ཁྲོད་རྔ་མོང་ནི་དབྱར་ཟླ་གསུམ་ལ་ཆུ་མི་དགོས། དགུན་ཟླ་གསུམ་ལ་རྩྭ་མི་དགོས་ཟེར་བའི་བཤད་སྟངས་ཡོད་མོད། རྩ་བ་ཉིད་ནས་མི་དགོས་པ་ཞིག་མ་ཡིན་ཏེ། རྔ་མོང་ནི་དུད་འགྲོ་གཞན་དང་བསྡུར་ན་དབྱར་གྱི་དུས་ལ་ཆུ་ཉུང་འཐུང་དང་དགུན་གྱི་དུས་ལ་རྩྭ་ཉུང་ཟ་བྱས་ཀྱང་ཆོག་པའི་སྲོག་ཆགས་སྐྱིད་ཐེག་སྡུག་ཐེག་ཅིག་ཡིན།

图片

སྤྱིར་བྱེ་མའི་ནང་དུ་རྩྭ་རིགས་བཟང་པོ་དང་བཅུད་ཆེན། ད་དུང་མེ་ཏོག་་སྣ་མང་སོགས་འཛོམས་པོར་གནས་པ་ཞིག་མིན་ལ་མཁའ་དབུགས་ཀྱི་རྒྱུ་བ་དང་བསྟུན་ཐུབ་པའི་ཚེར་མའི་རིགས་སྣ་ཚོགས་ཀྱིས་ཁེབས་པ་ཞིག་རེད། དེ་བཞིན་དུ་རྔ་མོང་ཡང་སྤང་རྩྭ་དང་འཇག་རྩྭ། རམ་རྩྭ་སོགས་བཟས་ན་ཤ་ཤེད་རྒྱས་པའི་སྲོག་ལྡན་ཞིག་མིན་པར་གཙོ་བོ་བྱེ་མའི་ཁྲོད་སྐྱེ་བའི་རྔ་ཚེར་ཞེས་པའི་ཚེར་མའི་རིགས་ལ་གཏོགས་པའི་སྐྱེ་དངོས་ཤིག་ཡོད་པ་དེ་བཟས་ན་ད་གཟོད་ཤ་ཤེད་རྒྱས་ཤིང་མི་ལོ་སུམ་ཅུ་ཙམ་ལ་ཚེ་ཐུབ་པའི་དུད་འགྲོ་ཞིག་རེད།  དེ་ལ་ཞིབ་ཏུ་དཔྱད་ན་བྱེ་མའི་ཡུལ་ཁྱད་པར་བ་ལ་རྟེན་པའི་ཚེར་མའི་སྐྱེ་དངོས་ཁྱད་པར་བ་དང་དེ་ལ་རྟེན་པའི་དུད་འགྲོ་ཁྱད་པར་བ། དེ་ལ་རྟེན་པའི་རྫི་བོ་ཁྱད་པར་བ་སོགས་རེ་རེ་བཞིན་ཕན་ཚུན་རྟེན་ཞིང་འབྲེལ་བས་འཚོ་བཞིན་ཡོད།

བྱེ་མའི་ཡུལ་ལུང་འདིར་རྔ་མོང་གིས་ཟ་བའི་ཚེར་མ་ནི་ཁ་ལ་མི་གནོད་པ། ཁོག་ལ་འཕྲོད་པོ་ཞིག་ཡིན། རྔ་མོང་གིས་རྩྭ་རིགས་དང་ལྡུམ་རིགས། དུག་རིགས། ཚེར་མའི་རིགས་སོགས་ལ་དབྱེ་བ་མེད་པར་ཟས་ཀྱང་རྔ་མོང་གི་ལུས་སྟེང་ན་དེ་དག་ལ་དབྱེ་འབྱེད་ནུས་པ་དང་དུག་འདོན་ནུས་པ་ཁྱད་པར་ཅན་ཞིག་ཡོད་པས་རྔ་མོང་གི་རིགས་ལ་ཁ་ཟས་དང་འབྲེལ་ནས་ནད་བྱུང་སྟེ་ཤི་བར་གྱུར་བའང་ཤིན་ཏུ་ཉུང་།

图片

བྱེ་མའི་གནས་ཡུལ་ལ་མཚོན་ན་ས་ནི་ཕྲ་ཞིང་ཕྲ་བ། ཆུ་ནི་སྐམ་ཞིང་སྲད་པ། རྩྭ་ནི་འཐོར་ཞིང་ཉུང་བ་ཞིག་ཡིན་པ་མ་ཟད། རི་ལ་དམར་ཤོས་ཆེ་བ། ས་ལ་སྐྱ་ཤོས་ཆེ་བ། ཐང་ལ་རྨ་ཤོས་ཆེ་བ་ཞིག་ཡིན། ཡུལ་ཁམས་དེ་ལྟ་བུ་ལ་རྟེན་ཞིང་འཚོ་བའི་རྔ་མོང་ལ་མཚོན་ནའང་རི་དེ་ལ་འབྲེལ་བ། ས་དེ་ལ་ཁམས་པ། ཆུ་དེ་ལ་འཕྲོད་པ་ཞིག་ཀྱང་རེད།

དེ་བཞིན་དུ་མཚོ་སྔོན་པོའི་ལྷོ་རྒྱུད་ནའང་བྱེ་མས་ཟིན་པའི་ཡུལ་ལུང་ཆེན་པོ་ཞིག་ཆགས་ཡོད། ཡིན་ཡང་ད་ལྟའི་དུས་ལ་སྤྱི་ཚོགས་ཧྲིལ་བོའི་གཞུང་སྒེར་གཉིས་ནས་བྱེ་འགོག་གི་ལས་ཀ་སྣ་ཚོགས་བྱས་ཤིང་། ཤིང་སྡོང་འཛུགས་པ། རྩྭ་རིགས་འདེབས་པ། ཆུ་གཏོང་བ་སོགས་གོ་ལ་ལྗང་མདོག་ཅན་དུ་བསྒྱུར་བའི་དགེ་ལས་རེ་རེ་བཞིན་རིམ་ཅར་དུ་བསྒྲུབས་པས་ཕན་པའང་གང་ལ་གང་འཚམ་རེ་བྱུང་ཡོད། དཔེར་ན་བྱེ་འགྱུར་གྱི་ཟིན་ཚད་ཇེ་དལ་དུ་སོང་བ་དང་བྱེ་རླུང་འཚུབ་པའི་དྲག་ཤུགས་ཇེ་གཉོམ་དུ་སོང་བ། མུན་པའི་འཐིབ་སྟངས་ཇེ་དྭངས་སུ་སོང་བ་སོགས་ཀྱི་གནས་སྟངས་ཀྱང་མངོན་གསལ་དོད་པོ་རེད།

འདི་ནི་ཧུང་ཆི་ཚང་གི་དཔྱིད་ས་རེད། རི་ཐང་ལུང་གསུམ་དུ་བྱེ་མའི་ཁ་སྒང་ཁུག་གཞུང་གིས་མནན་ལ་རྐ་ཤུར་གྲོག་གསུམ་གྱིས་ཁེབས་པ་ཞིག་རེད། གནས་འདི་ན་རྔ་རྟེའུ་བཙའ་རན་པའི་མོ་རྔ་དག་ཡོངས་སུ་བཀར་ནས་འཚོ་བཞིན་ཡོད།

图片

ཁོའི་ཆུང་མ་དང་བུ་མོ་གཉིས་ཀྱིས་ཐག་པ་དང་སྒ་བསྟན། གློ་ཐག་དང་རྔ་ལྕག་སོགས་གྲ་སྒྲིག་གིས་ཉིན་འགའི་སྔོན་ལ་བོར་ཟིན་པའི་རྔ་ཐོར་ཞིག་ཡོད་པ་དེ་འཚོལ་དུ་འགྲོ་རྒྱུའི་སྟ་གོན་བྱས།

རུ་བ་འདུག་སའི་གནས་དེ་ནས་ལམ་ལ་ཆས་ཤིང་ཕ་རོལ་གྱི་བྱེ་མའི་གསེབ་ཏུ་ཐོན་དུས་ཕྱོགས་གཅིག་ལ་བཀར་ཟིན་པའི་མོ་རྔ་དག་གིས་རང་རང་གི་རྔ་རྟེའུ་ཁྲིད་ནས་ཕྱོགས་གཅིག་ལ་འདུས་ཤིང་གཞི་རྒྱ་ཆེན་པོས་བསྐོར་བའི་རྩྭ་རའི་སྒོ་ཁར་འདུས་འདུག

ཉིན་འདི་འགའི་རིང་ལ་མོ་རྔ་ཉི་ཤུ་ལྷག་གིས་རྔ་རྟེའུ་བཙས་ཟིན། དེ་བས་བཙས་ནས་ཡུན་རིང་མ་ལོན་པའི་རྔ་རྟེའུ་རློན་པ་དག་ལ་མཚོན་ན་འགྲོ་འདུག་གི་གོམ་ཁའང་དེ་འདྲའི་མྱུར་མོ་ཞིག་མིན་ལ། ག་ལེར་འགྲོ་མུས་འདུག

ཁོའི་བུ་མོ་དང་ཆུང་མ་གཉིས་ཀྱིས་རི་ལ་དཀན་གཟར་ཞིང་མཐོ་དྲག་པའི་དབང་གིས་ཞོན་པ་རྔ་མོང་དག་བསྐྱུར་ནས་རྐང་ཐང་གིས་རི་དང་ལུང་པ་གཏུབ་ནས་བོར་ཟིན་པའི་རྔ་ཐོར་དེ་འཚོལ་བར་མུ་མཐུད་དུ་ཕྱིན།

图片

ལམ་བར་ནས་ཨ་མས་བུ་མོ་ལ་འདས་ཟིན་པའི་འཚོ་བའི་འགྲོས་ལུགས་དག་རེ་རེ་བཞིན་བཤད་ལ། ད་དུང་རིག་གནས་གསར་རྙིང་གི་འབྲེལ་མཚམས་ན་ལངས་པའི་བུ་མོ་ལ་འུར་ཆ་དང་འབྲེལ་བའི་འབྲོག་ལས་སྐོར་གྱི་ཁ་བརྡའང་བྱས།

གནས་འདིའི་མཐོ་རྒྱུ་དམའ་རྒྱུ་མེད་པའི་རི་བོ་དག་བྱེ་མས་མནན་ཞིང་སྡུག་རྩུབ་ཀྱི་རང་གཤིས་ཤིག་ཀྱང་རང་བཞིན་གྱིས་སྲོག་ལྡན་ཀུན་གྱི་སྣང་ངོར་མངོན་ནས་ཡོད་ལ། མ་བུ་གཉིས་ཀྱིས་རི་བོའི་ཉིན་སྲིབ་དང་བྱེ་མའི་གྲོག་ཤུར་སོགས་རེ་རེ་བཞིན་བཙལ། ཡར་ལ་འགོས་ཀྱང་ཕྱིར་ལ་ནུར་ནས་ཡོང་བའི་བྱེ་མའི་རི་གྲོང་ནས་འདི་ལྟར་རྔ་མོང་དག་བཙལ་འཚོལ་དུ་འགྲོ་བ་ནི་དཀའ་ལས་ཆེན་པོ་ཞིག་རེད།

དེ་ལྟར་ཉི་མའི་སྔ་དྲོ་ཙམ་ལ་བཙལ་མཐར་གཞི་ནས་རྔ་ཐོར་དེ་རྙེད་བྱུང་། རྔ་ཐོར་ནི་བྱེ་མས་མནན་པའི་རི་གཟར་ལས་འགྲིལ་ཏེ་འོབས་སུ་ལྷུང་ཞིང་ཤི་འདུག་པ་དེ་མཐོང་བས། རྒྱུ་བདག་མ་བུ་གཉིས་ཀྱིས་ཀྱང་བཙལ་འཚོལ་གྱི་མཐའ་མའི་འབྲས་བུ་མིག་ལ་སྣང་ནས་ཡོང་དུས་སྐྱོ་བའི་སེམས་ཁམས་དང་བཅས་ཕྱིར་མི་ལོག་ཐབས་མེད་དུ་གྱུར་པས་ད་གཟོད་ཕྱི་མིག་འཕེན་བཞིན་ལམ་ལ་ཆས།

图片

རྒྱུ་བདག་ལ་སེམས་ཁུར་དང་བརྩེ་བ་ཡོད་པ་གཞིར་བཞག་ནས་བཤད་ན། རྔ་མོང་ནི་དེ་ལས་ཀྱང་སེམས་སྡུག་གི་གཡང་ལ་ལྷུང་སླ་བའི་སྲོག་ལྡན་ཞིག་ཡིན། རྔ་མོང་གིས་རང་གི་རྔ་རྟེའུ་ཤི་བ་ནས་བཟུང་དུས་ཡུན་ཉི་མ་ནས་ཟླ་བ། དེ་བཞིན་ལོ་ལ་མཐུད་ནས་ངུ་སྐད་མི་ཆད་པ། མིག་ཆུ་མི་ཚར་བ། ལོ་ལྟར་རྔ་རྟེའུ་ཤི་བའི་ས་ལ་བསྐོར་བ་བྱེད་པ་ཞིག་ཡིན་ལ། དེ་བས་འཚོ་བའི་ཁྲོད་རྔ་མོང་ལ་འབྲེལ་བ་ཡོད་པའི་མི་ཞིག་ཡིན་ཚེ་རྔ་མོང་གི་ཤི་སྡུག་ཚེ་གཅིག་ཅེས་ཀྱང་བཤད་ངེས་ཡིན།

ཁོ་ཚང་གིས་རྔ་མོང་ཡོངས་སུ་རྫོགས་པ་ལྷས་ལ་སྐོར་བ་དང་རེ་རེ་བཞིན་ཚང་རྩིས་བྱས། ད་ནི་ཉིན་བདུན་གྱི་ནང་ལ་ཆུ་རེས་ཐེངས་གཅིག་བསྐོར་བའི་རྔ་ཁྱུ་དེ་ཆུ་ཁར་འདེད་རྩིས་བྱས། ཡིན་ཡང་དུས་དེར་རྔ་ཁྱུ་ལས་མོ་རྔ་ཞིག་གིས་རྟེའུ་བཙའ་རན་པས་ཁྱུ་དང་ཁ་བྲལ་ནས་ཡང་ཡང་འབྲོ་བར་བརྩམས།

སྤྱིར་མོ་རྔ་དག་གིས་རྔ་རྟེའུ་བཙན་རན་སྐབས་རྔ་ཁྱུ་དང་ཡོངས་སུ་གྱེས་འགྲོ་བ་ནི་དུད་འགྲོ་རྔ་མོང་གི་ཆོས་ཉིད་ཅིག་ཀྱང་རེད། དུད་འགྲོ་གཞན་རྣམས་ཀྱིས་མི་མཐོང་བའི་སར་འགྲོ་བ་ཡིན། དེ་ལ་འབྲོག་ཕྱོགས་སུ་ཁྱེའུ་སྦེད་ཅེས་ཀྱང་ཟེར།

图片

དེ་རིང་དཔྱིད་ས་ནས་ལྷས་འདབས་སུ་བསྐོར་བའི་རྔ་མོང་དག་བྱེ་མའི་ལ་ཆེན་ཞིག་ལ་འགོས། ཧུང་ཆི་ལགས་རྐང་ཐང་ལ་བུད་ནས་ཆས། ཁོའི་ཆུང་མ་དང་བུ་མོ་གཉིས་ཀས་རྔ་མོང་གཉིས་ཞོན་ཞིང་བྱེ་མའི་ཁམས་ནས་སྐོམ་པས་གདུང་བའི་རྔ་ཁྱུ་དེ་ཆུ་དོང་གི་ཕྱོགས་སུ་དེད།

རྒྱུ་བདག་གིས་བཤད་ན་དེ་རིང་ཁྱེའུ་སྦེད་དུ་བྲོས་པའི་མོ་རྔ་དེས་རྔ་རྟེའུ་མགྱོགས་པོར་བཙའ་ལ་རན་པས་ག་ལེར་འགྲོ་དགོས་ཟེར། ཆུ་ཁར་འགྲོ་བའི་ལམ་བར་ནས་དུས་ཚོད་ཕྱེད་ཀ་འགོར་ཡང་རྔ་རྟེའུ་ད་དུང་ཡང་བཙའ་མ་ཐུབ། ཡུན་དང་ཡུན་གྱིས་བསྐྱོད་དེ་དོང་ཆུའི་ཁར་སླེབས། རྒྱུ་བདག་གིས་རྔ་རྟེའུ་བཙའ་ལ་རན་པའི་མོ་རྔ་དེ་ཆུ་འགྲམ་གྱི་ར་བ་གཞན་ཞིག་གི་ནང་དུ་བཅུགས་ཤིང་བཞག

མོ་རྔ་དེས་ཀྱང་ཡར་ལ་འཕགས་ཤེད། མར་ལ་དགྱེ་ཤེད། གཟུགས་གཞི་ཐེར་ཐེར་སོགས་ལུས་ཀྱི་འགྱུར་བ་སྣ་ཚོགས་དང་འབྲེལ་ནས་ཆུ་ཚོད་ཕྱེད་ཀའི་རྗེས་ལ་རྔ་རྟེའུ་དེ་གཞི་ནས་བཙས། རྔ་རྟེའུ་ནི་བཙས་མ་ཐག་མ་མོའི་ལུ་གུ་བཞིན་དུ་ཡར་ལ་ལངས་ཤིང་ལྡིང་ནས་འགྲོ་ཐུབ་པ་ཞིག་མ་ཡིན་པར་ཤི་བའི་རོ་བཞིན་ལོག་ནས་འདུག་པ་ཞིག་རེད། དེ་ལྟར་ཡང་བསྐྱར་ཆུ་ཚོད་གཅིག་ཙམ་གྱི་རྗེས་ལ་ད་གཟོད་ལུས་ནི་འགུལ་ཙམ་ཐུབ་པ། སྐེ་ནི་ཅོག་ཙམ་ཐུབ་པ་ལྟ་བུ་ཞིག་བྱུང་།

图片

ཚ་གདུང་གིས་མནར་བའི་བྱེ་མའི་རི་གྲོང་འདི་དེད་དེ་ནུབ་ནས་ནུབ་ཏུ་སོང་ཚེ་མུ་མཐའ་མེད་པའི་མྱ་ངམ་ཐང་ཆེན་ཞིག་ཡིན་ལ། མི་རྣམས་ཀྱིས་གནས་དེ་ནི་སྐར་མའི་གོ་ལ་གཞན་ནས་ཐོན་པའི་མིའི་ཤུལ་རྟེན་ཡོད་ས་དེ་ཡིན་པའི་ངོས་འཛིན་ཡང་བྱེད་བཞིན་ཡོད། དེ་ནི་ལ་ཁུག་ལུང་གཟར་ནས་སྐྱ་ཟད་སྔོ་རྡུགས། བྱེ་རླུང་རྡུལ་ཟེགས་ནས་ས་སྐམ་རྡོ་སྲད། མུ་མེད་ཐང་སྟོང་ནས་སྐྱ་ར་དམར་ཤུར་སོགས་སུ་གནས་པ་ཞིག་རེད། དེ་ལྟར་ནུབ་རླུང་གི་རྒྱུ་བ་འཚུབ་མོས་ཁམས་འདིའི་བཅུད་ཀྱི་སྙིང་བོ་ཡོངས་སུ་ཁྱེར་ཞིང་བྱེ་མའི་རྡུལ་འཚུབ་རེ་རེ་ཡིས་ཤར་གྱི་རི་ལུང་དང་རུ་སྡེ་རེ་རེའང་ག་ལེར་མནན་ནས་ཡོང་ཡོད།

སྡུག་རྩུབ་ཀྱིས་བཟུང་བའི་བྱེ་རླུང་ཐེངས་གཅིག་གི་རྒྱུ་བ་འཇགས་པར་གྱུར་བའི་དུས་ལ་ཧུང་ཆི་ཚང་གིས་འོ་ཇ་སྐོལ་ཞིང་ཤ་བཙོས་ནས་ཟས་ལ་རོལ། དེ་དང་ཞོར་དུ་ཁ་བརྡ་ཡང་སྣ་ཚོགས་ཤིག་བྱས། རྔ་མོང་དག་ཁྱིམ་ཚང་གཞན་གྱི་རྩྭ་སའི་ནང་དུ་སོང་ན་མི་བཟང་བས་ལྕགས་རྭ་ཞིག་འཐེན་དགོས་པ་དང་། མིག་སྔར་རྔ་ཐོར་ཞིག་ཤི་བ་ནི་གྱོང་གུད་ཆེན་པོ་ཞིག་ཡིན་ཡང་མོ་རྔ་ཉི་ཤུ་རྩ་དགུས་རྔ་རྟེའུ་བཙས་པར་ཤི་རྨས་ཅི་ཡང་མ་ཕོག་པ་ནི་ཁྱིམ་ཚང་གི་བསོད་ནམས་ཡིན་པར་བཤད།

图片

རྔ་མོང་གིས་ཆུ་འཐུང་བའི་སྐབས་རྩྭ་ཟ་བའི་དུས་ནང་བཞིན་དུས་ཡུན་རིང་པོ་དགོས། ཆུ་ཧུབ་གང་འཐུང་བ་དང་མགོ་བོ་བཀྱགས་ནས་ཡར་ལྟ་མར་ལྟ་བྱེད་པ་དང་། དེ་ནས་ཡང་བསྐྱར་ཆུ་ཧུབ་གང་འཐུང་བ་སོགས་བྱེད་པའི་རྣམ་པ་ཅན་ཞིག་ཡིན། དེ་ལའང་རྒྱུ་མཚན་ཡོད་དེ། དམངས་སྲོལ་དུ་ཤྭ་བོའི་རྭ་ནི་དང་པོ་ཙ་ན་རྔ་མོང་གི་ཡིན་ཞིང་ཤྭ་བོས་གཡོ་དང་སྒྱུ་སྤྱད་ནས་རྔ་མོང་ལ་གཡར། ཕྱིར་སྟེར་བའི་ས་ཆད་དུས་ཆད་ནི་ཆུ་འཐུང་བའི་སྐབས་ཆུ་གཞུང་ནས་སྤྲད་རྒྱུ་བྱས་མོད། དུས་ལྟར་མ་འཕྲོད་པས་རྔ་མོང་གིས་དུས་ཡུན་རིང་བོར་ཡར་ལྟ་མར་ལྟ་བྱེད་པ་ནི་ཤྭ་བོས་རྭ་བསྐྱེལ་ནས་ཡོང་བར་སྒུག་པ་ཡིན་ཟེར།

བྱེ་མར་རྟེན་པའི་རྔ་མོང་ནི་འོ་མའི་འབྱུང་ཁུངས་ལས་ད་དུང་ཁུ་ལུའི་འབྱུང་ཁུངས་ཀྱང་ཡིན། ཁུ་ལུ་འཇམ་པོས་མི་རྣམས་ལ་དྲོད་དང་ལྡན་པའི་ལྭ་བ་བཟོས་ཆོག་ལ། འཇམ་ཤ་དང་ལྡན་པའི་ཐ་གུ་ཐག་པའང་བཟོས་ཆོག  དེ་རིང་ཁྱིམ་ཚང་འདིའི་ཨ་མ་དང་བུ་མོ་གཉིས་ཀྱིས་ཀྱང་ཁུ་ལུ་བླངས་ཏེ་གཙང་སེལ་བྱས་པ་དང་རིམ་བཞིན་ཐ་གུ་བརྒྱུས་ནས་འདོགས་ཐག གློ་ཐག རྒྱུན་ཐག་སོགས་བྱེད་བཞིན་ཡོད།

图片

ཆུ་འཐུང་ཚར་བ་དང་རྔ་མོང་རྣམས་བྱེ་མས་ཟིན་པའི་དཔྱིད་སའི་རི་ལུང་གི་ཕྱོགས་སུ་འཁོར། འདི་ནི་དལ་ཞིང་དལ་བའི་འགྲོས་ལ་ཞུགས་པའི་འབྲོག་གི་འཚོ་བ་ཞིག་ཡིན། འཚོ་བ་འདི་དང་འབྲེལ་ནས་རླུང་ལ་ཞོན་པའི་བྱེ་མའི་དཔུང་ཚོགས་ཤིག་ཀྱང་དལ་བ་དལ་བུར་ལམ་ལ་ཆས་མུས་ཡོད་ཅིང་། དེ་ལ་རྟེན་པའི་ཚེར་མའི་སྐྱེ་དངོས་ཤིག་གི་ཁེབས་རྒྱའང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ལ། གསོན་པའི་རེ་སྙེག་གི་དུས་ཡུན་མི་ལོ་སུམ་ཅུ་ཐུབ་པའི་སྲོག་ལྡན་རྔ་མོང་གིས་ཀྱང་ཕྲུ་གུ་སྐྱེས་འཕེལ་གྱི་འདབ་ལག་གསར་བ་ཞིག་གྲོལ་བ་འདིས་མྱ་ངམ་ཐང་ལ་རེ་བའི་མྱུ་གུའི་འདབ་ལོ་འབུས་པའི་གསོན་ཤུགས་གཞན་ཞིག་རྒྱས་སུ་བཅུག་ཡོད།