【རྟེན་འབྱུང་།】འཁྱགས་པའི་རབ་བྱེད།
ཁུངས། ཀློག་གྲངས། 26


图片

图片

སྲིད་པ་གངས་ཀྱི་རྒྱལ་མོ་དེ་འཁྱག་པ་དར་གྱི་རང་བཞིན་གྱིས་གནས་པའི་མཐོ་དམའ་ཅི་རིགས་ཀྱི་རི་ཕྲེང་ཚལ་ནི་ཐ་གུ་ཐག་པའི་ངོ་བོ་ལྟར་ཆད་པ་མཐུད་ལ་འབྲེལ་ཞིང་མཐུད་པ་མུ་ལ་འབྲེལ་ནས་འཇིག་རྟེན་ཁམས་འདིིའི་དུང་གི་གཤོག་པ་དཀར་པོ་ཇི་བཞིན་དཀར་གསལ་ལེར་ས་གོ་ལའི་ཁྱོན་ཡངས་པོ་ནས་མཐོན་མཐིང་གི་དབྱིངས་རིམ་ལ་བརྐྱངས་ཡོད།

གངས་དཀར་པོའི་མུ་ཁྱུད་ལ་རྟེན་ཞིང་འབྲེལ་ནས་སྲོག་ལྡན་རི་དྭགས་དང་གཅན་གཟན་སོགས་ཀྱང་མང་དུ་རྒྱུ་ལ། ད་དུང་ཡང་དེ་ལ་འབྲེལ་བའི་རྟ་ནོར་ལུག་གསུམ་སོགས་ཀྱང་རིས་མེད་དུ་འཁོར་ཡོད། འཚོ་བའི་འཁོར་རྟེན་དུ་གྱུར་པའི་སྒོ་ཕྱུགས་ལ་ད་དུང་དུས་བཞིའི་འགྱུར་བག་ལྟར་འཚོ་སྐྱོང་གི་རྫི་བོའང་འབྲལ་མེད་དུ་ཡོད། རྫི་བོ་དེ་ལ་བསྟུན་པའི་སོ་སྲུང་གི་སྒོ་ཁྱི་ཟེར་བ་ཞིག་ཀྱང་དུས་རྟག་བསྟུན་ཏེ་ཡོད།

དེ་ལྟར་འབྲོག་དང་གངས་ཀྱི་རྒྱུན་མར་འབྲེལ་ཚེ་སྟོད་རྨ་ཆེན་གངས་རིའི་རི་འདབས་སུ་ཡོ་འབོག་ཅེས་པའི་སྡེ་བ་ཞིག་ཡོད། འབྲོག་སྡེ་དེར་ཡོད་པའི་འཇམ་དབྱངས་ཚང་ནི་གངས་དཀར་པོའི་འདབ་མ་དང་མ་བྲལ་བར་གནས་པའི་ཁྱིམ་ཚང་ཞིག་ཡིན་ལ། ཁྱིམ་ཚང་དེ་ཡང་འབྲོག་སྡེ་དེ་ལ་རྟེན་ཞིང་འབྲེལ་ནས་རྟ་ནོར་ལུག་གསུམ་གྱི་འཚོ་སྐྱོང་ལ་རྒྱུན་བསྐྱངས་ལ་གངས་དང་གངས་ཆུ། རྩྭ་དང་རྩི་ཏོག ཆར་དང་སྨུག་པ་སོགས་ལ་འདྲེས་ཤིང་འབྲེལ་ནས་ཡང་བསྐོར་བསྐྱར་བསྐོར་གྱི་འབྲོག་ལས་འཚོ་བའི་མཐའ་རིང་དུ་བསྲིངས་ཡོད།

ཁོ་ནི་རྟ་ལ་དགའ་ཞིང་ཁྱི་ལ་དུང་བའི་འབྲོག་པ་ཞིག་ཡིན་པ་མ་ཟད། ཁོའི་ཆུང་མའང་དེ་བཞིན་དུ་སྒོ་ཟོག་དང་སྒོ་ཁྱི་ལ་གཅེས་ཤེས་པའི་བདག་མོ་བསམ་དཀར་ཞིག་ཡིན།

图片

སྒོ་ཁྱིས་འདི་ལྟར་གངས་དང་ནགས་ལ་གནས་པའི་གསའ་གཟིག་དྲེད་གསུམ་སོགས་རེ་རེ་བཞིན་འགོག་པ་མ་ཟད། རི་ལ་གནས་པའི་ཝ་སྤྱང་འཕར་གསུམ་སོགས་ཀྱང་རེ་རེ་བཞིན་གཏན་འགོག་བྱས་ལ། ད་དུང་དུས་ངེས་མེད་དུ་རྒྱུ་བའི་རྐུན་ཇག་འཁྱམ་གསུམ་ཡང་སྲོག་ཐོག་སྲོག་བཞག་གིས་བཀག་ཡོད་པས་གངས་འདབས་སུ་ཆགས་པའི་འབྲོག་པ་ཞིག་ལ་མཚོན་ན་སྒོ་ཁྱིའི་བཀའ་དྲིན་ནི་ནམ་ཡང་བརྗེད་པར་དཀའ་བ་ཞིག་ཡིན།

སྒོ་ཁྱི་ལ་གཅེས་པའི་གོམས་སྲོལ་དེའི་རིགས་ནི་འཇམ་དབྱངས་བཟའ་ཟླ་གཉིས་ཁོ་ན་ཙམ་མ་ཡིན་པར་འབྲོག་ཁུལ་སྤྱི་ཡོངས་ལ་ཁྱབ་མཉམ་དུ་ཡོད་པའི་གཤིས་སྤྱོད་ཅིག་རེད།

དེ་རིང་འཇམ་དབྱངས་ཟོག་རྫི་ལ་འགྲོ་བཞིན་ཡོད། ད་ནི་གངས་རི་དཀར་བོང་ངེར་ཡོད་པའི་མདུན་ཐད་ཀྱི་སྤང་རིའི་ཕྱོགས་ལ་ཆས། ཁོ་འགྲོ་ཁར་ཁྱི་ཕྲུག་གཅིག་ཡོད་པའང་ཁྲིད་ནས་འགྲོ་བ་ཞིག་རེད། ཁྱི་ནི་དུད་འགྲོ་གཞན་དང་མི་འདྲ་བར་བདག་པོའི་རྗེས་ལ་དེད་ནས་འགྲོ་བ་ཞིག་རེད། བདག་པོ་ལམ་ལ་ཆས་ན་ཁྱི་ཡང་ལམ་ལ་ཆས་པ་དང་བདག་པོ་ས་ལ་བསྡད་ན་ཁྱི་ཡང་ས་ལ་བསྡད་ནས་ག་ས་ཀུན་ལ་བལྟས་ནས་འདུག་པ་ཞིག་རེད། འདི་ལས་ཀྱང་མི་དང་ཁྱིའི་བར་ན་གཅིག་ལ་གཅིག་རྟེན་དང་གཅིག་ལ་གཅིག་བསྟུན་གྱི་འཚོ་བའི་ལམ་ཁ་རིང་བོ་ཞིག་མཐོང་།

ལོ་སྔོན་མའི་ནང་ལ་འཇམ་དབྱངས་ཚང་གི་ཁྱི་མོ་ཚང་ལོག་ཏེ་ཁྱི་ཕྲུག་གསུམ་ཙམ་ཡོད། ཡིན་ཡང་ཁྱི་ཕྲུག་གཞན་གཉིས་ནི་རླངས་འཁོར་གྱི་ལམ་ཁར་རྐྱེན་ལམ་དུ་ཤོར་བས་ཁྱི་ཕྲུག་རྒྱ་སྟག་མ་གཏོགས་ལུས་མི་འདུག

图片

ཁོ་ཚང་གི་ཁྱིམ་སྒོ་ནི་ཁྱི་རྒྱུད་ཤིན་ཏུ་ཡག་པའི་ཁྱིམ་སྒོ་ཞིག་ཡིན་ལ། གནས་འདིའི་ཁྱིམ་མཚེས་རུ་སྐོར་ཀུན་གྱིས་ཀྱང་ཁོ་ཚང་གི་ཁྱིམ་སྒོ་ལ་དམིགས་ཏེ་སྒོ་ཁྱི་ཡག་པོ་ཞིག་གསོ་བའི་རེ་བའང་མང་དུ་འདོན་བཞིན་ཡོད།

འཇམ་དབྱངས་དང་ཁྱི་ཕྲུག་གཉིས་ཀ་དུས་ཡུན་ངེས་ཅན་ཞིག་ལ་འགྲོགས་འདྲིས་ཁུར་བའི་དབང་གིས་ཕན་ཚུན་བརྩེ་བ་དང་དུང་བའི་ཞེ་འདང་ཟབ་མོ་ཞིག་ཀྱང་ཆགས་ཡོད། ཡིན་ཡང་ཏག་ཏག་དུས་སྐབས་འདི་ལ་གངས་དཀར་པོ་ཙག་ཤ་དང་རླུང་ཤས་རྩུབ་བཞིན་ཡོད་ལ་བདག་པོ་དང་སྒོ་ཁྱི་གཉིས་ཀྱི་སེམས་ཁའི་སྒོ་མོའང་སྐྱོ་བའི་འདུ་བྲལ་གྱི་སྨུག་ལོང་ཞིག་ངང་གིས་འཁོར་ལ་ཉེ།

དེ་ལྟར་རུ་སྡེ་འདི་དང་འབྲོག་ཁྱིམ་འདི་ལ་འབྲེལ་བའི་རྨ་རྒྱལ་གངས་ཀྱི་ལྷུན་པོའང་དཀར་པོ་དུང་ལྟ་བུ་ནས་ཁྲ་ཁྲ་གཟི་ལྟ་བུ་ཞིག་ཏུ་འགྱུར་བཞིན་པའི་སྣང་ཚུལ་ལ་རེ་རེ་བཞིན་བསྟུན་པའི་ཚེ། ནུབ་ཀྱི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་དང་གངས་ཞོ་བླུགས། གངས་རྩེ་བརྒྱད་སོགས་ཀྱིས་ཀྱང་བརྗིད་ཉམས་དང་བརྟན་རླིང་གི་སོ་མཚམས་བོར་ཏེ་གངས་ཀྱི་ཐིགས་པ་རེ་རེ་མཐའ་མེད་པའི་རི་ལུང་ཐང་གསུམ་གྱི་གཞི་ལ་འཛར།

图片

གངས་དཀར་པོ་ཞུ་ན་ཆུ། ཆུ་གཙང་པོ་བཞུར་ན་བརླན། ཆུ་འཁྱག་གིས་བསྡམ་ན་དར་ཞེས་པའི་འགྲོས་རིམ་ལྟར་དབུ་བའི་གཞོངས་ཁོག་ཆེན་མོའི་ལུང་ཁུག་གི་ཆུ་རྒྱུན་ལ་མཚོན་ནའང་དུས་སྐབས་འདིར་འཁྱག་པ་དར་གྱི་སྦུབས་སུ་ཚུད་ནས་ཡོད། ཆུ་རྒྱུན་དེའི་གཡས་གཡོན་ལ་འབྲོག་མིའི་རུ་སྡེ་ནི་སྐར་མ་ཤར་བ་ལྟར་བབས་ཡོད།

རུ་སྡེ་དེར་ཡོད་པའི་ཀུན་བཟང་རང་གྲོལ་ནི་དབུ་བའི་ཆུ་རྒྱུན་ལ་གནས་བཅོས་པའི་འབྲོག་མི་སྤྱིར་བཏང་བ་ཞིག་ཡིན་ལ། ཁོའི་དགའ་ཕྱོགས་ཤིག་ལ་ས་མིང་ཆུ་མིང་ཟིན་དུ་འགོད་པར་ཤིན་ཏུ་དགའ།

དེ་རིང་ཁོའི་ཕ་ཡུལ་ལ་ཁ་བ་ཆེན་པོ་བབས་འདུག  ཞོགས་པར་ཁོའི་ཆུང་མས་ཁྱིམ་ཚང་ཕྱི་ནང་གི་ལས་ཀ་སྣ་ཚོགས་ཤིག་ལས་པའི་ཞོར་དུ་ཕྱགས་མ་དང་ཁེམ་སོགས་བཟུང་ནས་ཁངས་ལམ་ཕྱེ་བ་སོགས་ཀྱི་ལས་ཀ་བྱེད་བཞིན་འདུག

ཁོས་ད་དུང་ཉིན་དེ་དག་ལ་རྒན་པ་དག་གི་ཁ་རྒྱུན་ངག་རྒྱུན་འཚོལ་སྡུད་བྱས་པ་དག་རེ་རེ་བཞིན་ཡིག་ཐོག་ལ་འགོད་པ་དང་ཟུར་བལྟས་རྒྱུ་ཆ་ཀློག་བཞིན་འདུག

ད་ནི་ཁོ་ཚང་གིས་ཞོགས་ཇ་འཐུང་རྒྱུར་གྲ་སྒྲིག་བྱས་བྱུང་། ཕྱི་ལ་ཁ་བ་བབས་པ་མཐུག་པས་གྲང་ཤར་རེ་ཡོད་ཀྱང་ཁྱིམ་ནང་ལ་མེ་ཁ་གསོས་ནས་དྲོད་ལམ་མེར་ཡང་ཡོད་པས་བྱིས་པ་དག་ཀྱང་དགའ་དགའ་སྤྲོ་སྤྲོའི་རྩེད་མོར་གཡེང་འདུག

图片

ནངས་ཇ་འཐུང་ཚར་བ་དང་བཟའ་མི་གཉིས་ཀྱིས་བྱིས་པ་ཆུང་ཆུང་དག་ལ་ལྭ་བ་བསྐོན་ཞིང་ལུག་གི་སྔ་གཞུག་གཉིས་སུ་བཅད་པའི་ལྷས་ནང་ལ་བུད།

ཡུལ་འདིར་ཆུ་ཤིན་ཏུ་དཀོན། དེ་བས་ཆུ་ཐག་རིང་པོ་ནས་དྲུད་དེ་ནོར་ལུག་ལ་ཆུ་རེས་བསྐོར་བ་ཡིན། དེ་རིང་ཁ་བ་མཐུག་པོ་བབས་ཡོད་པས་ཁྱིམ་མི་ཚང་མ་དགའ་མགུས་ཁེངས། རྒྱུ་མཚན་ནི་ཟོག་ལ་ཆུ་ལྡུད་མི་དགོས་པས་ཡིན།

ཁོས་བ་གླང་དང་ལུག་སོགས་རྩྭ་རའི་ནང་ལ་བསྐོར་བ་དང་ཡང་བསྐྱར་རང་གི་དགའ་ཕྱོགས་སུ་གྱུར་བའི་ས་མིང་ཆུ་མིང་གི་ལས་ཀ་དེའི་ཕྱོགས་ལ་འཁོར་སོང་། ཁ་པར་བཏང་ནས་ཡང་བསྐྱར་དུས་ཆད་བྱས།

དེ་རིང་འཇམ་དབྱངས་ཚང་ལ་མགྲོན་པོ་ཞིག་སླེབས་བྱུང་། མགྲོན་པོ་དེ་ནི་ཟླ་འགའི་སྔོན་ལ་འཇམ་དབྱངས་ཚང་གི་ཁྱི་མོ་ཚང་ལོགས་ཡོད་པའི་ཕྲུ་གུ་དག་ལས་གཅིག་ལ་རྟགས་རྒྱབ་ཡོད་པ་དེ་ལེན་དུ་ཡོང་བ་ཞིག་རེད།

མགྲོན་པོ་ནི་སེམས་པ་དགའ་བ་འབུམ་གྱིས་ཁྱི་ཕྲུག་བསུ་རུ་ཡོང་བ་ཡིན་མོད། མགྲོན་བདག་ནི་སེམས་ཁ་སྡུག་གིས་མནར་བཞིན་འབྲལ་ཐུབ་ཐབས་མེད་པའི་སྣང་བ་ཞིག་གིས་ཡང་ཡང་མནར་བཞིན་འདུག

图片

གནའ་མིའི་བཤད་སྲོལ་ལ་ཁྱི་ནི་ཤེས་པ་སྔོན་སོང་གི་སྲོག་ལྡན་ཁྱད་པར་བ་ཞིག་ཡིན་པར་བཤད་ལ། དེ་ནི་བདེན་པར་གྱུར་པའི་ཚེ་ཁྱི་ཕྲུག་འདིས་ཀྱང་བདག་པོར་འབྲལ་དགོས་པའི་སྐྱོ་སྡུག་གི་མྱ་ངམ་ཐང་ཆེན་ཞིག་མཐོང་གི་ཡོད་ལ། མཐོང་སྣང་དེའང་གངས་དཀར་པོའི་སྐྱོ་བའི་ཐིགས་པ་དང་གཞི་གཅིག་ཏུ་འདྲེས་ནས་འགྲོ་ངེས། དེ་བས་གངས་རིའི་འདབ་རོལ་འདིར་གངས་ལ་བརྟེན་པའི་གནས། གནས་ལ་འབྲེལ་བའི་ཁྱིམ། ཁྱིམ་གཞི་སྐྱོང་བའི་མི། མི་ཕྱུགས་སྲུང་བའི་ཁྱི་སོགས་ནི་རྟེན་འབྱུང་གི་ངོ་བོ་དབྱེར་མེད་ཅིག་གྲུབ་ཡོད།

འཇམ་དབྱངས་དང་འདྲ་བའི་ཡུལ་འདིའི་འབྲོག་མི་མཐའ་དག་གི་སྣང་ངོར་ཡུལ་འདིར་གངས་དཀར་པོ་འདབ་མ་ས་ལ་ཆགས་པ་ནས་དུས་ད་ལྟའི་བར་དུ་སྲོག་ལྡན་ཡོད་ཚད་ཕན་ཚུན་བསྟུན་ཞིང་འབྲེལ་བའི་སྒོ་ནས་ཡོད་ཀྱང་དུས་ཀྱི་འགྱུར་པ་དང་བསྟུན་ནས་གངས་དཀར་པོའི་འདབ་མའང་ཡར་ནས་ཡར་ལ་ལྡོག་བཞིན་ཡོད་ལ། སྒོ་ཕྱུགས་ཀྱི་གྲངས་འབོར་ཡང་ཉུང་ནས་ཉུང་དུ་ཆགས་བཞིན་ཡོད། སྒོ་ཁྱིའི་རིན་ཐང་ཡང་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་པའི་སྣང་བ་ཞིག་ཡང་ཡང་འཁོར་ཡོད། འདི་ནི་དུས་དང་བསྟུན་པའི་འཚོ་བའི་འགྱུར་བ་ཞིག་ཀྱང་རེད།

ད་ནི་འཇམ་དབྱངས་ཚང་གི་མགྲོན་པོ་ཁྱིམ་ལ་སླེབས་བྱུང་། ཁོའི་ཆུང་མས་ཇ་ལག་འཇོག་དང་ཟས་སྡེར་འཇོག་བྱས། འཇམ་དབྱངས་ཀྱིས་མགྲོན་པོར་བཤད་རྒྱུར། ཁྱི་ལ་བདག་ཡག་པོ་མ་བྱས་ན་རླངས་འཁོར་གྱིས་གསོད་པའི་སྐོར་ནས་ཁ་བརྡ་བྱས་ཤིང་། ཞོར་དུ་ཁྱི་ཕྲུག་གི་བདེ་སྡུག་སྐོར་ནས་ཁ་བརྡ་ཡང་ཡང་བྱས།

图片

འཇིག་རྟེན་ཕ་མ་བུ་ཕྲུག་གི་རྟེན་འབྲེལ་འཛོམས་པ་ནས་བཟུང་བུ་ཕྲུག་གི་བདེ་སྡུག་ཡོད་ཚད་ཕ་མས་རྟོགས་པ་ནང་བཞིན་འཇམ་དབྱངས་བཟའ་ཟླ་གཉིས་ནི་ཁྱི་ལ་དགའ་ཞིང་ཁྱི་ལ་དུང་བའི་དབང་གིས་རང་གི་ལག་སྐྱེས་སུ་གྱུར་བའི་ཁྱི་ཕྲུག་འདིར་བརྩེ་བ་ཆེན་པོའི་སྒོ་ནས་ཤ་ལས་མཆེད་པའི་བུ་ཕྲུག་ལྟར་མགྲོན་པོ་ལ་བཅོལ་དམ་ཡང་ཡང་བྱས།

མགྲོན་པོས་ཀྱང་བརྩེ་བ་དང་བཅས་ཏེ་ཁྱི་ཕྲུག་ལ་བདག་སྐྱོང་བྱ་རྒྱུའི་སྐོར་ནས་ཁས་ལེན་དང་དམ་བཅའ་བྱས།

ངོ་མས་བཤད་ན་འཚོ་བའི་ཁྲོད་ཁྱིམ་གྱི་མི་ལ་མི་དགའ་ན། སྒོ་ཁའི་ཁྱི་ལ་རྡུང་ཞེས་པའི་ཁ་དཔེ་ལྟར་མི་ཁྱི་གཉིས་ནི་གོ་གནས་འདྲ་འདྲ། གོང་ཐང་འདྲ་འདྲ་ཡིན་པ་ནི་འཇམ་དབྱངས་ཀྱི་བཅོལ་གཏམ་ཚིག་རྐང་རེ་རེ་ལས་ཀྱང་གསལ་དུ་ཐོན་ཡོང་བ་ཞིག་རེད།

ཁོ་གཉིས་ཀྱིས་ཁ་བརྡ་བྱེད་པའི་སྐབས་དང་བསྟུན་ནས་བདག་མོས་ཁྱི་ཕྲུག་མ་བུ་ལ་ཁྱིམ་སྒོ་འདིའི་ཁྱི་ལྟོ་ཆེས་མཐའ་མ་དེ་བླུད་ཅིང་ཁྱི་ཕྲུག་རྒྱ་སྟག་ལ་སྐྱོ་བ་དང་བཅས་སྐྱེལ་མ་བྱས། རྒྱ་སྟག་གིས་ཀྱང་ཁྱིམ་སྒོ་འདི་ནས་ཨ་མའི་ནུ་ཞོ་དང་དེ་ནས་བདག་མོའི་བརྩེ་བ་སོགས་ངང་གིས་བསྐྱུར་ནས་ལམ་ཁ་གསར་བ་ཞིག་ལ་འགྲོ་དགོས་པའི་ཆོས་ཉིད་དེར་སེམས་ཁའི་དང་ལེན་མི་བྱ་རང་བྱར་གྱུར་དགོས་པ་ཞིག་རེད།

图片

ད་ནི་འཇམ་དབྱངས་ཚང་གི་མགྲོན་པོ་ལམ་ལ་ཆས་སོང་། ཁོས་རང་གིས་རྟགས་བཏབ་པའི་ཁྱི་ཕྲུག་བཟུང་ནས་ལམ་ལ་ཆས། འཇམ་དབྱངས་བཟའ་ཟླ་གཉིས་ཀྱིས་བལ་དཀར་པོ་ཞིག་ཁྱི་ཕྲུག་གི་སྐེ་ལ་བཏགས། གདོང་ལ་མར་བསྐུས། དེ་ནི་ཁྱི་ཕྲུག་འདིའི་ཡོད་ཚད་སྐྱིད་སྐྱིད་ཡོང་བའི་སྨོན་འདུན་ཙམ་མ་ཡིན་པར་དགྲ་ཇག་རྐུན་གསུམ་དང་ཝ་སྤྱང་འཕར་གསུམ་སོགས་ཀྱི་ཁ་ནས་སྲོག་ལ་བར་ཆད་མི་ཡོང་བའི་རེ་བ་གངས་རི་ལས་ཀྱང་མཐོ་བ་ཞིག་བཟུང་ཡོད།  མགྲོན་པོས་ཀྱང་རང་གི་བུ་ཕྲུག་སྙོར་སྙོར་གྱིས་ཁྱི་ཕྲུག་དེ་པང་དུ་བཟུང་ཞིང་ག་ལེར་ལམ་ལ་ཆས། འཇམ་དབྱངས་བཟའ་ཟླ་གཉིས་ཀྱིས་སེམས་ཀྱིས་མི་ལོང་བ། ལྟ་བས་མི་བཟོད་ནའང་སྐྱོ་བ་དང་བཅས་ཏེ་མགྲོན་པོ་དང་ཁྱི་ཕྲུག་གི་རྗེས་ལ་ཡུན་རིང་དུ་ཅེར།

མགྲོན་པོ་དེས་ཀྱང་གངས་ཀྱི་རི་བོ་བརྗིད་ཆགས་སེ་ཡོད་པའི་ཕྱོགས་སུ་གོམ་པ་རེ་རེ་བཞིན་སྤོས་ནས་སོང་། འདི་ནི་ཁྱི་ཕྲུག་ལ་མཚོན་ན་ཁྱི་ཚེ་འདིའི་ནང་བདག་པོ་གསར་བ་ཞིག་ལ་འཕྲད་པ་ཡིན་ལ། ཁྱིམ་གཞི་གསར་བ་ཞིག་སྲུང་བའི་འགན་བབ་གསར་བ་ཞིག་ཀྱང་ཡིན་ངེས་ལ། ད་དུང་ར་བ་གངས་ཀྱིས་བསྐོར་བའི་ཡུལ་ཁམས་སུ་གངས་ལ་རྟེན་པའི་ཆུ་དང་ཆུ་ལ་འབྲེལ་བའི་ས། དེ་ལ་རྟེན་པའི་རྩྭ། ད་དུང་སྒོ་ཕྱུགས་གནག་དང་གཡང་དཀར་ལུག འདོ་རིག་རྟ། མགོ་ནག་མི། རྡ་ལི་ཁྱི་སོགས་གྲངས་སུ་བགྲང་བར་དཀའ། ཡིན་ཡང་སྲོག་ལྡན་འདི་དག་ཡོད་ཚད་མཐོང་བ་ཙམ་གྱིས་སོ་སོ་སོ་སོའི་ངོ་བོར་གནས་ནའང་དོན་གྱི་སྙིང་བོར་བབས་ན་གཅིག་ལ་གཅིག་རྟེན་གྱིས་འཁོར་བའི་དཀྱིལ་འཁོར་ཆེན་པོ་ཞིག་མ་བཞེངས་ལྷུན་གྱིས་གྲུབ་ནས་ཡོད།

图片

དེ་ལྟར་དགུན་གྱི་དུས་ཚིགས་འདིར་ཡུལ་ཕྱོགས་གང་སར་ཁ་བ་འབབ་བཞིན་ཡོད་ལ། ཁ་བས་གཡོགས་པའི་རི་ལུང་མཐའ་དག་གིས་ཀྱང་གོས་དཀར་གྱི་ན་བཟའ་ཐོད་ལ་བཅིངས་ནས་གདའ། ནུབ་ཀྱི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་དང་སུ་རུའི་གཞུང་ཆུ་རིང་མོ་སོགས་ཡོད་ཚད་འཁྱག་གིས་བསྡམས་ནས་ངོ་བོ་གཅིག་ཏུ་འདུས་ཏེ་ཡོད་ལ། རི་འདིའི་མདུན་ངོས་སུ་གངས་ཀྱི་འདབ་མ་ལྡོག་ནས་ཡོངས་སུ་ཚར་ནའང་རྒྱབ་ཕྱོགས་སུ་རབ་དཀར་ཞོ་གསར་སྤུངས་པ་ཇི་བཞིན་སྙིང་དུ་སྡུག་པ་ཞིག་རེད།

དེ་རིང་ཁོའི་རུ་བ་འབབ་སའི་ས་ལ་ཁ་བ་ཤིན་ཏུ་མཐུག་ནའང་དབུ་བའི་ཆུ་ཁར་ཁ་བ་དེ་འདྲའི་ཆེན་པོ་མིན། གནས་དེ་ལ་བྱེ་མ་རྒོད་པའི་དབང་གིས་ཁ་བའང་ཉི་མས་ཞུ་བ་མགྱོགས་ཤིང་ཡུལ་ལུང་མཐའ་དག་སྐྱ་ཤ་ལེར་འདུག ཁོས་དུས་ཆད་བྱས་པའི་ཡུལ་དེའི་གྲོགས་པོ་ནི་སྔ་ས་ནས་འབྱོར་ཞིང་སྒུག་ནས་འདུག

ད་ནི་དུས་རྒྱུན་ལྟར་ཁ་བརྡ་གློད་ནས་ཡོད་ལ། སྐུ་མགྲོན་གྱིས་ཀྱང་ཁོའི་འདོད་པ་བཞིན་དུ་དབུ་བའི་ཆུ་རྒྱུན་གྱི་མིང་དང་འབྲེལ་ནས་ཆུའི་ཁྱད་ཆོས་དང་བཞུར་ལུགས། དེ་ལ་འབྲེལ་བའི་ཡུལ་མི་སྤུན་ཟླ་དག་ཆུ་དེ་ལ་དགའ་ལུགས་དུང་སྟངས་སོགས་རེ་རེ་བཞིན་བཤད། ཁོས་ཀྱང་ཟིན་དུ་བཀོད་ལ། ད་དུང་ཡང་མུ་མཐུད་ནས་ལས་ཀ་དེ་ཆུ་བོའི་རྒྱུན་བཞིན་དུ་སྐྱོང་བའི་སྨོན་ལམ་དང་བཅས་ལམ་ལ་ཆས་པ་ཡིན་ལ། དབུ་བའི་ཆུ་རྒྱུན་རིང་མོ་དེ་ཁོ་གཉིས་ཀྱི་ཁ་བརྡའི་ཁྲོད་དར་གྱི་ངམ་ཁའི་ཁྲོད་དཀར་ཟིང་ངེར་བྱེ་མའི་གཞུང་ལ་བཏབ་པའི་ཕྲ་ཇི་བཞིན་དུ་སྣང་།

图片

དེ་ལྟར་གངས་ཀྱི་འདབ་མ་ཁྲ་རབ་བེ་ཡོད་པའི་རྨ་རྒྱལ་གངས་རིའི་རི་ཕྲེང་དེ་རིང་ནས་རིང་དུ་འཐེན་ཡོད་ལ། རི་རྒྱུད་དེའི་ནུབ་ཕྱོགས་སུ་ཟལ་མོ་སྒང་རྒྱུད་ཀྱི་རི་ཕྲེང་ཚར་དུ་དངར་ཡོད།  ཟལ་མོ་སྒང་རྒྱུད་ཀྱི་གཙོ་རི་ནི་གཉན་པོ་གཡུ་རྩེ་ཡིན་ལ། རི་བོ་དེ་ནི་གངས་རི་དང་བྲག་རི། རྫ་རི་དང་སྤང་རི། ནགས་རི་སོགས་གཞི་གཅིག་ཏུ་འབྲེལ་བའི་གནས་ཁྱད་པར་བ་ཞིག་ཡིན་ལ། མིང་གི་རྣམ་གྲངས་སུ་ཨ་མྱེ་གཉན་པོ།  བཙན་ཤེད་ཆེན་པོ། གཡུ་རྩེ་སོགས་མང་དུ་བཏགས་ཡོད།

རི་རྩེ་མཐོ་ཞིང་གཡང་གཟར་ཆེ་ས་ཞིག་ཡིན། དེ་ལ་མཚེའུ་ཆེ་ཆུང་བརྒྱ་དང་བརྒྱད་ཙམ་མིག་མངས་བཀྲ་བ་ལྟར་ངོ་མཚར་བའི་ཡུལ་ལྗོངས་ཁྱད་པར་བ་སྟེ་མིག་གི་དཔྱིད་དུ་སྣང་བ་ཞིག་ཡིན་པ་མ་ཟད། བློ་དང་རིག་པས་དཔག་པར་དཀའ་བའི་རང་བྱུང་གི་སྣང་ཚུལ་ཀྱང་སྣ་ཚོགས་ཀྱིས་གཏམས་ཡོད་པ་ཞིག་ཡིན།

དུས་ཡུན་རིང་མོ་བརྒྱུད་པའི་གོ་རིམ་ཁྲོད་གནམ་གཤིས་ཀྱི་འགྱུར་བ་དང་བསྟུན་གཉན་པོ་གཡུ་རྩེའི་གངས་ལའང་འགྱུར་བ་སྣ་ཚོགས་ཀྱིས་བཀྱགས་ཡོད་ལ། གངས་ཀྱི་འདབས་ལ་ཆགས་པའི་རི་སྡེ་ལས་ཁོར་སྲུང་གི་ལས་ཁོ་ན་གཉེར་བའི་གཉན་ཚོགས་ཞེས་པའི་ཁོར་སྲུང་གི་ཚོགས་པ་ཞིག་གིས་ཀྱང་དུས་དང་ལོ་ཟླའི་འགྱུར་པར་བསྟུན་ནས་གངས་རི་ཚད་ལེན་བྱེད་བཞིན་ཡོད།

图片

ཁོ་ཚོས་གངས་ལ་ཚད་ལེན་པའི་ལས་ཀ་དེ་ནི་ཆེད་ལས་དང་མཐུན་པ་ཞིག་ཡིན་མིན་བཤད་པར་དཀའ་ནའང་སོ་སོ་རང་ཉིད་ཀྱི་སེམས་ལ་བཏབ་པའི་དྲན་པ་དང་ཡུལ་ལ་བཏབ་པའི་ས་རྟགས། ཤོག་བུར་བཏབ་པའི་གཞི་གྲངས་སོགས་ནི་ཁ་ཐོག་མིག་ཐོག་གི་ལས་ཁྱད་པར་བ་ཞིག་ཏུ་གྲུབ་ཡོད།

གཉན་ཚོགས་ཀྱིས་གངས་ཀྱི་འགྱུར་བ་དང་བསྟུན་ནས་བརྙན་སྣ་ཚོགས་ལེན་པ། གཞི་གྲངས་གསོག་འཇོག་བྱེད་པ། གངས་ཞོགས་རྒྱག་སྟངས་དང་དེའི་ཚད་རིམ། དེ་དང་བསྟུན་ནས་ས་གཤིས་ལ་འགྱུར་བ་འགྲོ་སྟངས། སྐྱེ་དངོས་ཀྱི་འགྱུར་བ་སོགས་དུས་ཐོག་ཏུ་ཟིན་འགོད་བྱས་ཡོད།

འདི་ལྟར་སྲིད་པ་གངས་ཀྱི་རྒྱལ་མོའི་ཐིགས་པ་རེ་རེ་ཤེས་མེད་ཚོར་མེད་དུ་འཛད་བཞིན་ཡོད་ལ། འཛད་པའི་ཐིགས་པ་ཕྱོགས་སུ་བསྡུས་ན་ཆབ་དང་ཆུ་བོའི་ཚེ་སྲོག་གི་རྒྱུན་ལའང་བབས་ཡོད། དེ་བས་ཕྱོགས་གཅིག་ནས་ཉམས་པར་གྱུར་ཡང་ཕྱོགས་གཞན་ཞིག་ནས་ཕན་པར་གདགས་པ་ནི་འཇིག་རྟེན་རང་བྱུང་གི་ཆོས་ཉིད་ལྡོག་ཏུ་མ་གྱུར་བ་ཞིག་ལགས་པས་འགྱུར་བ་ནས་འགྱུར་བའི་སྙིང་བོར་ཅེར་ཏེ་རིང་དུ་བལྟས་པ་ཡིན།