མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ལས་གཙང་བོའི་འབྱུང་ཡུལ་གྱི་འཕོ་འགྱུར།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ནས་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་ཇུས་གཞི་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་མཐོང་ཆེན་བླ་མེད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་དངོས་ཀྱི་བརྩེ་བའི་ཐུགས་ཁུར་འོག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་ནས་ཡོང་བ་དང་། པེ་ཅིང་དང་ཧྲེང་ཧེ། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་ནས་ཡོང་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་དང་འཇོན་མི་རྣམས་ཀྱིས་རི་ཆུ་ཁྲི་སྟོང་བརྒལ་ནས་མཐོ་སྒང་དུ་གཞི་ཚུགས་པ་དང་མཚོ་སྔོན་གྱི་ཆེད་དུ་བློས་གཏོང་བྱས་ནས་མཚོ་སྔོན་ལ་གསེར་ལས་ལྷག་པའི་རྒྱབ་སྐྱོར་བྱས་པ་དང་། འགྲོ་འོང་དང་བརྗེ་རེས། ཕན་ཚུན་གཅིག་འདྲིས་ཀྱི་མཛའ་བརྩེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་མཉམ་མྱོང་དང་འདུན་པ། ཁག་ཁུར་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་བཅས་ཀྱིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་རྣམས་ལ་སྤྱི་ཚོགས་རིང་ལུགས་ལམ་སྲོལ་གྱི་ལེགས་ཆ་དང་མེས་རྒྱལ་གྱི་དྲོད་ཁོལ་ཚོར་བར་བྱས།

མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ལས་གཙང་བོའི་འབྱུང་ཡུལ་གྱི་འཕོ་འགྱུར།

       དབྱར་དུས་ཀྱི་གསེར་དངུལ་རྩྭ་ཐང་ནི་ལྗང་ནེམ་ནེམ་དུ་འདུག་ལ། གངས་རིའི་མུ་ཁྱུད་རིང་མོར་སྤྲིན་དཀར་གྱི་ཡོལ་བ་རྒྱང་དུ་འཐེན་པ་ནི་གཡང་ཊིའི་སྐེད་ཆིངས་ཤིག་ན་ཆུང་མ་ཞིག་གི་ལྡེམ་མྱུར་གྱི་སྐེད་པར་དཀྲིས་པ་དང་ཅི་འདྲས་མཚུངས་ཨང་། ལྗང་ནེམ་ནེམ་གྱི་རྩྭ་ཐང་དུ་ནོར་ལུག་བག་ཡངས་ངང་རྒྱུ་བཞིན་འདུག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞིའི་ཙོང་ཆུའི་མགོ་ཁུངས་ཀྱི་བོད་ལུག་གསོ་སྤེལ་བརྟེན་གཞི་རུ་འགན་ཁུར་བ་དོན་འགྲུབ་གྱིས་གཞི་གྲངས་ཟིན་ཐོར་འགོད་ཞོར་དུ་གཟན་ཆས་གྲ་སྒྲིག་བྱེད་བཞིན་བྲེལ་འཚུབ་ཀྱི་ཀློང་དུ་ཚུད་འདུག སྤུའི་ཉག་མ་རེ་རེ་འོད་དུ་འཚེར་ཞིང་ཤ་ཤེད་རྒྱས་པའི་བོད་ལུག་རེ་རེར་ལྟ་ཞོར་དོན་འགྲུབ་ཀྱི་གདོང་དུ་སྐྱིད་པའི་འཛུམ་ཆུང་མངོན་བཞིན་འདུག

ཁྱེད་ཀྱི་ལུག་ད་ལྟ་ཅི་འདྲ་རེད་ཅེས་བབ་ཆགས་ཀྱི་སྐད་ཆ་ཞིག་སྒོ་སྲུབས་བརྟོལ་ནས་གྲགས་ཡོང་།

ཡ། ཀྲུའུ་ཀྲུའུ་རིན་རེད་ལ། ཁྱེད་ཀྱིས་དུས་ཐོག་ཏུ་མཛུབ་སྟོན་དང་སྨན་བྱིན་པ་མིན་ན་གཟའ་འཁོར་སྔོན་མར་ལུ་གུ་རྣམས་བཤལ་ནས་གྱོང་གུད་ཆེ་ཞིག་རེག་སོང་ཞེས་དོན་འགྲུབ་ཀྱིས་ཀྲུའུ་ལོས་ཡིན་པ་ཤེས་ནས་སྔོན་ལ་རྒྱུགས་ནས་ལག་འཇུ་བྱས།

ཁོང་གཉིས་ཀྱིས་ལག་འཇུ་བྱེད་པའི་བར་གླེགས་དེར། གཅིག་གི་མིག་མདངས་ལས་དྲིན་གཟོ་དང་བཀུར་བརྩི་མངོན་ཞིང་། གཅིག་གི་མིག་ཟུང་ནས་སྐུལ་མ་དང་བློ་བདེ་བོ་བྱུང་བ་མངོན་པར་གསལ།

རྣམ་པ་འདིས་ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ། མཚོ་བྱང་ཁུལ་གྱི་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ལོས་དང་དོན་འགྲུབ་བར་གྱི་མཛའ་བརྩེ་ཟབ་མོ་མཚོན་པར་བྱས་ཡོད་པར་མ་ཟད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ལ། ཀྲུའུ་ལོས་ལྟ་བུའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་གྲངས་མེད་ཅིག་གིས་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་དང་དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་པ་དང་། མཉམ་དུ་འབད་འཐབ་བྱས་པའི་ཉམས་སྣང་གསལ་བོར་མཚོན་ཡོད།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་ཐེངས་གསུམ་ལ་དུས་འགྱངས་བྱས་པ་དང་ལོ་དྲུག་ལ་བརྟན་སྲུང་དང་བློས་གཏོང་བྱས་པ་བརྒྱུད་ཀྲུའུ་ལོས་ཀྱིས་སྔོན་ཐོན་གྱི་ཞིང་ཕྱུགས་ལས་ཐད་ཀྱི་སྔོན་ཐོན་ལག་རྩལ་གངས་རིའི་ལྗོངས་སུ་ཁྲིད་ནས་འབད་འཐབ་དང་འཚོལ་སྙེག་ལ་བརྟེན་ནས་ཤེས་བྱ་དང་རྔུལ་ཆུ་འདྲེས་མའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལམ་ཁ་ཞིག་བསྐྲུན།

ལམ་ཁ་འདི་ནི་རི་ཆུ་སྟོང་གིས་ཆོད་པའི་ཆོད་སེམས་ཀྱི་ལམ་ཁ་ཞིག་ཡིན་ལ། རེ་བའི་འོད་སྣང་སྒྲོན་པའི་རེ་སྙེག་གི་ལམ་ཁ་ཞིག་ཡིན་པ་དང་། ལག་རྡང་གཅིག་ཏུ་སྦྲེལ་ནས་རྒྱལ་ཁར་བརྩོན་པའི་འདུན་མ་གཅིག་པའི་ལམ་ཁ་ཞིག་དེ་བས་ཀྱང་ཅི་ལ་མིན།

ལམ་ཁ་འདིར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་རྣམས་ཀྱི་བརྩེ་བའི་དྲོད་ཁོལ་དང་ཆོད་སེམས་བརྟན་པོས་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་མེད་པ་ནས་ཡོད་པ་དང་། ཁ་འཐོར་བ་ནས་གཅིག་ཏུ་འདྲིལ་ལ། ཉམ་ཞན་ནས་འཕེལ་རྒྱས་སུ་ཕྱིན་ཡོད།

སྐྱུར་བུལ་ཚད་ཀྱི་གྲངས་ཐང5.82དང་། དབྱང་རླུང་ཞུ་ཚད་ཧྲིན་གང་ལ་ཧོ་ཁུ12 ཆུའི་དྲོད་ཚད6.1℃ ཚད་གཞི་དང་མཐུན། གཞི་གྲངས་འདི་དག་མཚོ་བྱང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཆུ་འཁྱགས་ཉ་གསོ་སྤེལ་དང་མྱུག་གསོ་རྟེན་གཞིའི་འགོ་བ་ལིའུ་ལི་ཀྲིའི་སེམས་སུ་གསལ་ལེར་བཟུང་ཡོད། ཉིན་རེའི་ཆུ་ཚོད་བརྒྱད་པའི་སྟེང་། ལིའུ་ལི་ཀྲི་རྟེན་གཞིའི་གསོ་སྤེལ་འཁོར་ཁང་དུ་ཡོང་ནས་ཉ་རྫིང་འགྲམ་དུ་སོང་ནས་ནན་ཏན་ངང་གཞི་གྲངས་ཟིན་ཐོར་འགོད་པ་དང་། ཉ་ལ་གཟན་ཆས་སྟེར་བ། ཉ་རྫིང་ལ་གཙང་སྦྲ་བྱེད་པ་སོགས་ཀྱི་བྱ་བ་བསྒྲུབས་པ་རེད། གལ་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁ་གཏད་རོགས་སྐྱོར་མེད་ཚེ། མདོ་ལ་རི་བོའི་ཁོང་གསེང་ནས་ཡོང་བའི་འཁྱག་རོམ་དང་རྫ་ཆུའི་ནང་དུ་ཉ་ཕྲུག་འདི་དག་ཇི་ལྟར་གསོའམ། སྐམ་ས་དང་རྒྱ་མཚོ་མཉམ་སྦྲེལ་གྱི་བསམ་ཕྱོགས་ལ་བརྟེན་ནས་ཧོང་ཧེའི་འགྲམ་ངོགས་ལ་སྦྲེལ་ནས་མྱུག་གསོ་ནས་གསོ་སྤེལ་གྱི་འཁྱག་ཉའི་ཐོན་ལས་སྦྲེལ་ཐག་གྲུབ་པར་བྱས།

སྤྱི་ལེ་བརྒྱད་བརྒྱའི་མུ་མཐའ་བྲལ་བའི་རྒྱ་མཚོ་ཆེན་པོ་ནས་གཙང་གསུམ་འབྱུང་ཡུལ་བར་དང་། མཚོ་སྔོན་པོའི་འགྲམ་བརྒྱུད་ནས་རྨ་ཙོང་གྲོག་རོང་བར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་ཁག་ཁུར་དང་བྱས་རྗེས་འཇོག་པའི་སྙིང་སྟོབས་ཀྱིས་ཁོད་ཡངས་པའི་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་ཐོན་ལས་དར་སྤེལ་གྱིས་དམངས་ཕྱུག་པོར་བསྒྱུར་བའི་སྙན་འཇེབས་མཛེས་སྡུག་གི་ལེའུ་བྲིས་ཡོད། ཁོ་ཚོས་རི་ཆུ་བརྒལ་བའི་བློ་གྲོས་ལ་བརྟེན་ནས། དཔྱིད་ཀྱི་སྦྲང་ཆར་བསིལ་མ་ཇི་བཞིན་ཁ་ཁུ་སིམ་མེར་དམངས་འཚོའི་ས་ཞིང་བརླན་པར་བྱས་པ་དང་། ལམ་སྟོན་གྱི་སྒྲོན་མེ་ལྟར་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་གི་འཚོ་བའི་མ་འོངས་པའི་མདུན་ལམ་གསལ་བར་བྱས་ཡོད།

ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགོངས་པའི་ཆབ་སྲིད་ཆེད་ལས་སུ་སློབ་སྦྱོང་བྱེད་བཞིན་པའི་བསོད་ནམས་སྐྱིད་ཀྱི་རྐང་ལ་སྔར་བཞིན་ཅང་སུའུ་ཡི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་ཞུའུ་ཧོང་ཧྥུན་གྱིས་བྱིན་པའི་ལུས་རྩལ་ལྷམ་དེ་གོན་འདུག ལྷམ་དེ་ནི་མོའི་སེམས་ཁོང་གི་ཆེས་རྩ་ཆེ་བའི་དངོས་རྫས་ཤིག་ཡིན་པ་དང་། ལེ་དབར་སྟོང་ཕྲག་བརྒལ་བའི་མཛའ་བརྩེ་ཟབ་མོ་མཚོན་ཡོད། ཞུའུ་ཧོང་ཧྥུན་གྱིས་ངག་འཇམ་པོའི་སྒོ་ནས་ལྷམ་དེ་གོན་ནས་ཁྱོད་ཀྱི་ཕུགས་འདུན་བསྙེག་རོགས་ཞེས་སྐུལ་མ་བཏང་བས། ད་ལྟའི་བར་དུ་བསོད་ནམས་སྐྱིད་མདུན་ནས་མདུན་དུ་བསྐྱོད་པའི་སྒུལ་ཤུགས་སུ་གྱུར་ཡོད། ལྷམ་དེ་གོན་ཚེ་བསོད་ནམས་སྐྱིད་ཀྱིས་ཞུའུ་ཧོང་ཧྥུན་གྱི་གཅེས་སེམས་དང་རེ་བ་རྣལ་མ་དེ་མྱོང་བཞིན་ཡོད་ཅིང་། མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དུ་ཡོད་དུས། ཞུའུ་ཧོང་ཧྥུན་གྱིས་ཁོ་མོར་སེམས་ཞིབ་མོས་ཐུགས་ཁུར་དང་མཛུབ་སྟོན་གནང་སྟེ། སློབ་སྦྱོང་ཐད་ནས་སུན་པ་མེད་པར་དོགས་གཞི་སེལ་བ་དང་། བསམ་པའི་ཐད་ནས་ཁོ་མོར་སྐུལ་མ་བཏང་ནས་རྒྱབ་སྐྱོར་བྱས། བསོད་ནམས་སྐྱིད་ཀྱིས་བཤད་རྒྱུར། དགེ་རྒན་ཞུའུ་ཡོད་པས་ང་རང་ད་གཟོད་རི་ཆེན་གྱི་ཁོང་གསེང་ལས་བུད་ནས། ཕུགས་འདུན་བསྙེག་ནས་སློབ་སྦྱོང་བྱེད་པའི་ནུས་པ་ལྡན་པ་ཡིན་ལ། མ་འོངས་པར་ཕྱིར་ཡོང་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་ཟླ6པར་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། སློབ་གསོ་དང་བཅས་པའི་ཤར་ནུབ་ཕྱོགས་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་མངོན་པར་མཚོན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་མངོན་པར་མཚོན་ཡོད་ཞེས་གསུངས།

དྲོད་ཁོལ་དེས་འབའ་ཐང་རྩྭ་ཐང་གི་འཕེལ་རྒྱས་ཀྱི་རེ་བའི་འོད་སྣང་གསལ་བར་བྱས་ཡོད།

འདས་སོང་ལ་ཕྱིར་དྲན་བྱས་ན། ཡུས་ཧྲུའུ་ས་ཁུལ་གྱི་གློག་ཤུགས་རྨང་གཞིའི་སྒྲིག་ཆས་ཉམ་ཞན་ཡིན་པ་ལས་ས་དེའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ཐད་ཚད་བཀག་ཆེན་པོ་ཐེབས་ཡོད། དཀའ་སྡུག་གི་གནས་བབ་དེ་བསྒྱུར་ཆེད། རྒྱལ་ཁབ་གློག་དྲའི་ཀུང་ཟི་ཡིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་དུ་བླངས་ཤིང་། ཤུགས་ཆེན་པོས་ཡུས་ཧྲུའུ་ཡི་སྟོང་ཝ330ཡི་སྐུད་ལམ་གཉིས་ཀྱི་ལེགས་བསྒྱུར་བཟོ་སྐྲུན་ལ་སྐུལ་འདེད་བཏང་། ད་ལོར་སྤྱིའི་རིང་ཚད་ལ་སྤྱི་ལེ507.5ཡོད་པའི་གློག་ཤུགས་སྐུད་ལམ་དེས་དམིགས་བསལ་གྱིས་འགན་འཁྲི་དང་དོན་སྙིང་ཁུར་དུ་བླངས་ཡོད་ལ། ཡུས་ཧྲུའུ་ས་ཁུལ་གྱི་འཕེལ་རྒྱས་ཐད་ཀྱི་སྒུལ་ཤུགས་གསར་བའི་འབྱུང་ཁུངས་ལྟ་བུར་གྱུར་ཡོད།

དྲོད་འཁོལ་འདིས་མདོ་དབུས་མཐོ་སྒང་གི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བསམ་པའི་རྣམ་པར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད།

“ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་དུ་ཁྲག་གཙང་འགྱུར་ལྟེ་གནས་བསྐྲུན་པ་ནས་བཟུང་། ངས་ཁྱིམ་གྱི་སྒོ་ཁ་ནས་ནད་བཅོས་བྱེད་ཐུབ་པས་ཕར་འགྲོ་ཚུར་འོང་བྱེད་པའི་ངལ་དུབ་མེད་པ་མ་ཟད། བུ་མོས་ཀྱང་སེམས་བདེ་བའི་སྒོ་ནས་རང་ཉིད་ཀྱི་ཁྱིམ་ལ་བདག་སྐྱོང་ཡག་པོ་བྱེད་ཐུབ།”ལོ60ཡིན་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྡོད་དམངས་སྒྲོལ་མའི་ད་ལྟའི་ལུས་ཕུང་གི་གནས་ཚུལ་དེ་ལོ་ཕྱེད་སྔོན་ལས་ཧ་ཅང་བཟང་པོར་གྱུར་ཡོད། ཟི་ལིང་དུ་ནད་བཅོས་བྱེད་པའི་ལོ་འགའི་རིང་ལ། སྒྲོལ་མ་ཚང་གི་འགན་ཁུར་ཧ་ཅང་ལྕི། “ཟི་ལིང་དུ་ཁང་པ་གླ་དགོས་ལ། མི་གཅིག་གིས་གམ་དུ་བདག་སྐྱོང་བྱེད་དགོས་པས། བུ་མོས་ང་ལ་བདག་སྐྱོང་བྱས་པ་ཡིན་པས་མོ་རང་གི་ཁྱིམ་ལ་བདག་བྱེད་མི་ཐུབ། སྐབས་དེར་སྨན་བཅོས་བསྐྱུར་འདོད་པའི་བསམ་བློའང་ཡོད།”པེ་ཅིང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣས་རོགས་སྐྱོར་ཆེན་པོའི་འོག ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་ཁྲག་གཙང་འགྱུར་ལྟེ་གནས་ན་ནིང་ཟླ9པ་ནས་དངོས་སུ་བཙུགས་པས། ཉེ་འགྲམ་གྱི་མང་ཚོགས་ལམ་ཐག་རིང་པོ་བརྒྱུད་དེ་སྨན་བཅོས་བྱེད་དུ་འགྲོ་བའི་དཀའ་ཁག་སེལ་བ་དང་། ས་གནས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་བས། ནད་པའི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་།

དྲོད་འཁོལ་དེ་ནི་ཉི་འོད་དང་འདྲ་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་སྣེ་ཁྲིད་དེ་ག་ས་གང་དུ་འོད་ཀྱིས་ཁྱབ་པར་བྱས་ཡོད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་འགོ་གཙོའི་གཞུང་སྒྲུབ་ཁང་དུ། དམིགས་བསལ་གྱི་གཟེངས་བསྟོད་གོས་དར་ཞིག་གིས་ལོ་རྒྱུས་རང་བཞིན་གྱི་དུས་ཚོད་ཞིག་ཟིན་ཐོར་བཀོད་ཡོད་པ་སྟེ། 2024ལོའི་ཟླ3པར། ཨའོ་མོན་ནས་ཡོང་བའི་ཡུལ་སྐོར་བ་བུད་མེད་ལིན་གྱིས་མཚོ་སྔོན་དུ་ཡུལ་སྐོར་བྱེད་སྐབས་གློ་བུར་དུ་འདུ་ཤེས་གསལ་པོ་མེད་པར་ཆུ་ཚོད་གཅིག་འགོར་བས། མྱུར་དུ་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་དུ་བསྐྱལ་བ་དང་། བརྟག་དཔྱད་མཇུག་འབྲས་ལ་མངོན་པ་ལྟར་ན་མྱུར་གཤིས་ཀླད་པ་ཁེགས་ཤི་བྱུང་བའི་ངོས་འཛིན་བྱས་པས་མྱུར་དུ་གཤགས་བཅོས་བྱེད་དགོས།  མ་ཐེན་ཞང་གིས་བཤད་རྒྱུར།“ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་རུ་ཁག་གི་རྒྱང་བསྟེན་མཛུབ་སྟོན་བྱས་ཡོད་མོད། འོན་ཀྱང་། ལག་འགུལ་ནས་གཤགས་བཅོས་བྱེད་པ་ང་ཚོ་ཡིན་པས། ཧ་ཅང་བྲེལ་འཚུབ་ཆེ་བ་ཞིག་རེད།”སྐབས་དེར་གཤགས་བཅོས་ཀྱི་འགན་ཁུར་བའི་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་སྨན་པ་རབ་འབྱམས་པ་མ་ཐེན་ཞང་གིས་ཉིན་དེར་མྱུར་སྐྱོབ་ཚན་ཁག་གི་ཀྲུའུ་རིན་གཞོན་པ་པཱ་ཐར་དུ་མཉམ་དུ་གཤགས་བཅོས་བྱས་པའི་རྣམ་པ་ཕྱིར་དྲན་བྱེད་ཞོར། སེམས་སུ་ཚོར་སྣང་སྣ་ཚོགས་ཀྱིས་ཁེངས་ཡོད། ཁོ་གཉིས་ཀྱིས་དཀའ་ཚད་ཆེ་བའི་གཤགས་བཅོས་ཡོངས་འགྲུབ་བྱས་པའི་བརྒྱུད་རིམ་དེས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཤུགས་རྐྱེན་དང་ནུས་པ་དངོས་མཚོན་པར་བྱས་ཡོད་ལ། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་ལས་སྒྲུབ་ཁང་བཙུགས་པས། ང་ཚོས་ད་གཟོད་ཀླད་པའི་ནང་གི་ཁྲག་རྩ་འགག་པ་སོགས་རྙོག་འཛིང་ལྡན་པའི་གཤགས་བཅོས་བྱེད་ཐུབ་ཟེར།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལག་རྩལ་ནས་མཚོ་སྔོན་གྱི་ནུས་པ་དང་། མཚོ་སྔོན་ཁྱད་ལྡན་ཞིང་ཕྱུགས་ལས། དག་གཙང་ནུས་ཁུངས། སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་ལ་བརྟེན་ནས་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་། སློབ་གསོ་སྨན་བཅོས་དང་རྨང་གཞིའི་སྒྲིག་ཆས་སོགས་དམངས་ཚིས་ཁྱབ་ཁོངས་ལེགས་སྒྱུར་མངོན་གསལ་བྱུང་། ཆེད་ལས་འཇོན་ཐང་མི་སྣ་ཇེ་མང་དུ་སོང་ནས་རང་བརྟེན་གྱི་ནུས་པ་ཇེ་དྲག་ཏུ་གྱུར་ནས། གཙང་གསུམ་འབྱུང་ཡུལ་གྱི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་ཡོད།

འགྱུར་ལྡོག་འདི་ལས་སྔོན་ཆད་ཀྱི་སྨན་བཅོས་ཁང་སྟབས་བདེ་དེ་གཤགས་བཅོས་ཁང་ཞིག་ཏུ་གྱུར་པས། འབྲོག་པ་མང་ཚོགས་ཀྱིས་ཀྱང་དེང་མ་ཟི་ལིང་ནས་མ་གཏོགས་ལས་མི་ཐུབ་པའི་གཤགས་བཅོས་ཀྱི་རིགས་ད་བར་ཁྱིམ་ཚང་སྒོ་ཁ་ནས་ལས་ཐུབ་ཅེས་བཤད་བཞིན་སེམས་འགུལ་ཆེན་པོ་ཐེབས་འདུག

འགྱུར་ལྡོག་འདི་ལས་མགོ་ལོག་གི་སློབ་མ་རྨ་ཆེན་རིན་མཚོ་ཧྲང་ཧེ་རོལ་དབྱངས་སློབ་ཆེན་གྱི་སློབ་མར་གྱུར་ནས། མཚོ་བོད་མཐོ་སྒང་ནས་རོལ་དབྱངས་ཀྱི་དག་ཞིང་དུ་སླེབས་སུ་བཅུག་ལ། འབྲོག་ཁུལ་གྱིས་སློབ་མ་ཞིག་གིས་རང་གི་སེམས་འདུན་དང་མཐུན་པའི་སློབ་ཆེན་དུ་རྒྱུགས་འཕྲོད་ནས། ཕུགས་འདུན་གྱི་ཕྱོགས་སུ་བང་གིས་བསྐྱོད་བཞིན་འདུག

འགྱུར་ལྡོག་འདི་ལས་ཁུལ་དང་རྫོང་ཉི་ཤུ་ལ་སྨན་བཅོས་རོགས་སྐྱོར་ཐོབ་ནས་སྨན་ཁང་བརྗེ་བའི་ཚད་བརྒྱ་ཆའི་བདུན་དང་གྲངས་ཆུང་བཞི་དགུ་རུ་མར་ཆག་ནས། ནད་རིགས་ཆུང་གྲས་རྫོང་ནས་སྟོན་པ་དང་ནད་རིགས་འབྲིང་གྲས་ཁུལ་ནས་སྟོན་ཐུབ་པ་མངོན་འགྱུར་བྱུང་།

ས་གནས་ཀྱི་དགོངས་མཁོ་དང་དང་བླངས་པའི་ནུས་པ་ལྟར་བྱ་བ་སྒྲུབ་ནས་མཚོ་སྔོན་གྱི་འཕེལ་རྒྱས་དང་མཉམ་བསྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། རྒྱང་སྐྱོད་གསར་པའི་ལམ་ཆེན་སྟེང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་གཞག་དེ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད། སྐོར་ཐེངས་གསར་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ན་གཞོན་ལས་བྱེད་དག་གིས་རྡོག་ཁྲེས་རྒྱབ་ལ་ཁུར་ཤིང་། ལས་འཕྲོ་དང་དུ་བླངས་ནས། མཐོ་སྒང་མི་དམངས་ཀྱི་བརྩེ་སེམས་ཀྱི་དར་སྐུད་དང་བརྒྱུས་ནས། ནམ་མཁའ་དང་ཆེས་ཐག་ཉེ་བའི་ས་གཞིའི་ངོས་སུ། མཐོ་སྒང་གི་སྐམ་ས་བརླན་པར་བྱེད་པའི་སྦྲང་ཆར་གྱི་དངོས་གྲུབ་གནང་བར་རེམ་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལེའུ་གསར་བ་འབྲི་བཞིན་མཆིས།

མཚོ་སྔོན་ལ་རོགས་སྐྱོར་བྱེད་ཐེངས་ཤིག་གིས། ཕན་ཚུན་གྱི་མདུན་ལམ་ལ་འོད་སྟོང་འཕྲོ་རུ་བཅུག

སྐོར་ཐེངས་ལྔ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ན་གཞོན་ལས་བྱེད་དག་མཚོ་སྔོན་དང་ཁ་འབྲལ་ཁར་བརྩེ་བ་དང་འཕྲེང་ཞེན་ཟབ་མོས་ངང་བཤད་རྒྱུར། ས་ཆ་ལ་ལར་གོམ་པ་སྤོ་ཐེངས་ཤིག་གིས། མི་སེམས་ཀྱི་ཟབ་སར་ཟུག་སོང་ཟེར།

བཅར་འདྲིའི་ཁྲོད་དུ། ཁོ་ཚོས་དུས་ཚོད་རིང་པོ་ཞིག་ལ་མཚོ་སྔོན་དུ་རྩ་བ་ཚུགས་ཚུལ་སྐོར་གླེང་བྱུང་ལ། ཕྱིར་རང་ཡུལ་ལ་འགྲོ་ཁར་སེམས་སུ་གདུང་སེམས་ཀྱིས་ཁེངས་འདུག  རང་ཉིད་ཀྱིས་མཚོ་སྔོན་དུ་སྐྱུར་ཟིན་པ་དེ་དག  ས་གཞི་འདིས་ཁོ་ཚོར་སྦྱིན་པའི་ལོ་རྒྱུས་ཀྱི་དན་རྟགས་ཡིན་པས། མི་ཚེ་འདི་ལ་བརྗེད་ག་ལ་སྲིད་ཨང་། འདི་ལྟར་ལབ་ཀྱིན་ལབ་ཀྱིན། ཁོ་ཚོའི་གདོང་ལ་མཆི་མས་ཁེངས་བྱུང་།

དན་རྟགས་དེའི་དབང་གིས། ཁོ་ཚོའི་ཕུང་ཁམས་ལས་རྩེར་སོན་གྱི་ནུས་པ་མཆེད་ལ། འདུན་མ་ལས་སྲ་མཁྲེགས་ཀྱི་སྦྱོང་བརྡར་ཐོབ་ཡོད། ད་རུང་དེ་ཙམ་གྱིས་ག་ལ་ཚད་དེ། རང་ཉིད་དངོས་སུ་མཚོ་སྔོན་ལ་རོགས་སྐྱོར་དུ་མ་ཡོང་ན་རྟོགས་མི་སྲིད་དེ། མཚོ་སྔོན་དང་མཇལ་བའི་བསྐལ་བ་བྱུང་ཉིན་ནས། ལུས་ཕུང་གིས་ཤུལ་རྗེས་བཞག་ཅིང་། བློ་རིག་ལ་སྦྱོང་བརྡར་ཐོབ་མོད། དེ་ལས་ཀྱང་བརྗེད་དཀའ་བ་ནི། མི་སེམས་དང་མི་སེམས་འཕྲད་པའི་མཛའ་བརྩེ་ཡི་འོད་སྣང་དེ་མིན་ནམ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ཚེ་སྲོག་ལ་ཉམ་ཐག་ནད་ཀྱིས་མནར་བའི་འབྲོག་དམངས་ཀྱིས་ཡིད་ཆེས་ཡོད་ཚད་སྨན་པ་ལ་བཅོལ་ནས། ཆེས་རྣམ་དག་གི་སེམས་པས་བཀའ་དྲིན་ཞུ་བཞིན་འདུག  ལྗིད་ཏིག་ཏིག་གི་ཡིད་ཆེས་དེའི་རྐྱེན་གྱིས། སྨན་པ་ལ་མཚོན་ན་རང་ཉིད་ཀྱི་རིན་ཐང་ཚོར་ཞིང་ལས་རིགས་ཀྱི་དད་མོས་ཇེ་དྲག་ཏུ་བཏང་སོང་། བརྩེ་སེམས་དེ་ནི། སྨན་པའི་ནད་སྐྱོབ་དང་ནད་པའི་དྲིན་ཚོར་གྱི་རྨང་གཞི་ཡིན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དུ། རྨ་ཆེན་རིན་མཚོ་ཡིས་ལག་ཏུ་ཧྲང་ཧེ་རོལ་དབྱངས་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་བཟུང་ནས་རང་ཉིད་ཀྱི་འདས་སོང་གི་གཏམ་རྒྱུད་སྐོར་གླེང་བྱུང་། ཐང་ཧྲིན་ཧྲིན་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲོགས་པོ་དག་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས། བུ་མོ་ཆུང་ཆུང་འདིའི་ཕུགས་བསམ་ལ་རྒྱབ་སྐྱོར་བྱེད་ཀྱིན་མཆིས། རོགས་རེས་ཀྱི་སྟོབས་ཤུགས་འདིས། ན་ཆུང་བུ་མོ་ཞིག་གིས་སེམས་ལ་དྲན་མི་ཐུབ་པའི་རོལ་དབྱངས་ཀྱི་རྨི་ལམ་ལ་བརྟེན་ནས་ཐང་ཧྲིན་ཧྲིན་གྱི་སློབ་གསོའི་སེམས་འདུན་མེ་རུ་སྦར་བྱུང་།  མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ན་གཞོན་ལས་བྱེད་ཐང་ཧྲིན་ཧྲིན་གྱི་སྒེར་སེམས་མེད་པའི་བློས་གཏོང་གིས་རེ་བའི་ས་བོན་གཏོར་བ་མ་ཟད། འབྲོག་ཕྲུག་མང་པོའི་སེམས་ཀྱི་འོད་སྣང་གསལ་བར་བྱས།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཕྱུགས་ལས་ཐད་ཀྱི་ཆེད་མཁས་པའི་ཀྲིའུ་ལིས་ཀྱི་རྐང་རྗེས་རྫོང་བཞིའི་སྡེ་བ་བརྒྱ་ལྷག་ལ་བཞག་ཡོད། ཁོ་ནོར་ལྷས་སུ་སོང་ནས་ཉན་པ་དང་། མཛུབ་སྣེ་ལ་འདམ་བྱུགས་པ། ཟིན་བྲིས་འགོད་པ་སོགས་བྱས་ཏེ་དཀའ་ལས་མང་པོ་མྱངས་དོན“ལྟོ་རྒྱབ་གནམ་ལ་བརྟེན་པའི”དཀའ་གནད་སེལ་ཆེད་ཡིན། ཕན་ཚུན་ལ་ཐུགས་ཁུར་བྱས་པ་དང་ཕན་ཚུན་སེམས་སུ་ཉར་བ་ལས། འབྲོག་པ་མང་ཚོགས་ཀྱི་སེམས་སུ་རེ་བས་ཁེངས་ཤིང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་སེམས་འདུན་མངོན་འགྱུར་བྱས། 

མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་ནི་ཕྱོགས་གཅིག་ཁོ་ན་བསམ་པ་ཞིག་ག་ལ་ཡིན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཞིག་ཡིན་ན། ཉམ་ང་བའི་ཁོར་ཡུག་ལས་མི་སེམས་ལ་གསོན་ཤུགས་སྦྱིན་ཐུབ་ལ། དེ་ནི་ངེས་པ་དོན་གྱི་མི་ཡུལ་གྱི་དྲོད་ཁོལ་ཡིན་ཞིང་། བློ་སྤོབས་ཀྱིས་ཁེངས་པའི་ཐོག་མའི་སེམས་འདུན་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་ཞིག་ཀྱང་ཡིན། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། “སློབ་གསོ་ཚུད་པའི་ཤར་ནུབ་རྒྱུད་བར་གྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་མངོན་གསལ་བླངས་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་སྒོས་མཚོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་པོའི་དྲོ་སྐྱིད་གསལ་བོར་མཚོན་ཡོད།”

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རེ་སྒུག་ཟབ་མོ་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་སེམས་སུ་ཉར་ནས2022ལོའི་ཟླ7པར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་སྐོར་ཐེངས་ལྔ་པས་རི་ཆུ་ལུང་གསུམ་བརྒལ་ནས་ལང་ཚོ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་འབུལ་རྒྱུའི་ཆོད་སེམས་གཏན་པོ་བཅངས་ཡོད། 

“སྐབས་དེ་དུས་ངའི་བསམ་པར་ཡོད་ཚད་བློས་གཏོང་བྱེད་རིན་ཡོད་པ་ཞིག་རེད་སྙམ་བྱུང” “གནས་འདི་རུ་ངས་མི་ཚེའི་རིན་ཐང་རྩ་ཆེ་ཤོས་དེ་རྙེད་པ་ཡིན” “མཐོ་སྒང་གིས་ང་ལ་འགྱུར་བ་བཏང་བ་མིན། གནས་འདི་རུ་ངའི་རང་གི་རིན་ཐང་རྙེད་པ་ཡིན” “ང་འགྲོ་དགོས་རུང་ངའི་དྲན་འཛིན་གྱི་ངོས་སུ་ནམ་ཡང་བརྗེད་ཐབས་མེད་པ་ནི་བརྗིད་ཆགས་པའི་ཨ་མྱེས་རྨ་ཆེན་གངས་རི་ཡིན།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཞིག་ལ་མཚོན་ནས་བཤད་ན། འདི་ནི་ཆ་རྒྱུས་མེད་པ་ས་ཆ་གོམ་པ་རེ་རེ་འཇལ་ཏེ་རང་སེམས་དང་མཉམ་དུ་འདྲེས་ཡོད་ལ། མཇུག་མཐར་ཡིད་སེམས་བདེ་ས་ནི་ཕ་ཡུལ་ཡིན་ཞེས་རྫོགས་ཚིག་ཅིག་བཀོད།

མཐའ་ཡས་ལ་དྲི་མེད་དྭངས་གཙང་གི་གནས་མཆོག་འདི་རུ། རྒྱ་བསྐྱེད་པ་ནི་སེམས་ཁམས་ཡིན་ཞིང་། ཐོབ་པ་ནི་སེམས་ཀྱི་དག་གཙང་ཡིན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྒུལ་ཤུགས་གང་ཡིན་ནམ། གོ་གནས་འཕར་བའི་སྟེགས་བུ་ཡིན་ནམ། ཉམས་མྱོང་གི་རང་མདངས་མངོན་པར་བྱེད་པ་ཡིན་ནམ་ཞེས་འདྲི་དུས། ཧོ་མེ་ཧྥང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཚོར་ཤེས་ཁྲོད་དུ“མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་ནི་ལས་འགན་ཞིག་དང་། འགན་ཁུར་ཞིག བྱས་རྗེས་ཤིག་ཡིན་ལ། ཐོབ་དཀའ་བའི་སེམས་ཁམས་ཀྱི་འགྲུལ་བཞུད་དང་མི་ཚེའི་སྦྱོང་བརྡར་ཞིག་ཀྱང་ཡིན། དེ་ནི་ཁས་ལེན་ཐོབ་ཅིང་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད། མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བ་ནི་ནང་ལོག་གི་རྒྱུན་ལྡན་གྱི་བྱ་བ་དང་མི་འདྲ།  འོན་ཀྱང་ཚད་ལྡན་མིན་པའི་དངོས་པོ་དེ་དག་ནི་སྤྱིར་བཏང་གི་བྱ་བའི་ཉམས་མྱོང་ལས་ཀྱང་རིང་།

གནམ་ས་ལ་བརྩེ་བ་ཆེན་པོ་ཡོད་པས། མཚོ་སྔོན་ལ་རོགས་བྱེད་པའི“རྒྱུག་མཐུད་དབྱུག་པ”བླངས་ནས། སེམས་ཚོར་གསར་བ་ཞིག་ས་གཞི་འདིའི་སྟེང་མུ་མཐུད་དུ་འབྲི་ངེས། 

ཕུའུ་ཅང་གཙང་བོའི་འགྲམ་དང་པོ་ཧའེ་རྒྱ་མཚོའི་འགྲམ་ངོགས་ནས་ཆུ་བོའི་འགོ་ཁུངས་བར་གྱི་ཞིབ་ཕྲའི་གཏམ་རྒྱུད་རེ་རེ་ལས“གཙང་པོ་དང་ཆུ་བོ་རྒྱུད་གཅིག་ཏུ་འབྲེལ་ཅིང་རི་ཀླུང་གི་བརྩེ་བ་ཟབ”ཅེས་གྲགས་འགུལ་མེད་པར་གསལ་བཤད་བྱས་ཡོད། སེམས་ཀྱི་གཏིང་དུ་ཟུག་ཐུབ་པའི་ས་གཞིའི་ཐོག་སེམས་ཁམས་ཀྱི་གླེང་མོལ་དང་། བརྩེ་དུང་གི་མཉམ་འགུལ། འཕེལ་རྒྱས་ཀྱི་ཡར་ཐོན་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བཀྲག་མདངས་འཚེར་བའི་མཛེས་རྒྱན་སྤྲས་ཡོད།


བསོད་ནམས་ཚེ་རིང་དང་ཤ་བོ་རིན་མཚོ། སྐལ་བཟང་རྣལ་རྒྱལ། ཚེ་མགོན་རྒྱལ། མི་ཕམ་མགོན་པོ་བཅས་ཀྱིས་བསྒྱུར།