
ཟླ12པའི་ཚེས11ཉིན། གསར་འགོད་པས་ཞིང་ཆེན་གྱི་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་གྲོང་ཁྱེར་དང་རྫོང་གི་རིམ་གྲས་གསར་པའི་མཐུན་འབྲེལ་རྩ་འཛུགས་ཡོངས་སུ་ཁྱབ་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར8དང་རྫོང45རུ་རིམ་གྲས་གསར་པའི་མཐུན་འབྲེལ་རྩ་འཛུགས54བསྐྲུན་ཡོད་པ་དང་། ཚོགས་མི་ཆིག་འབུམ་ལྷག་གཅིག་སྡུད་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མཉམ་འགུལ་ལས་ཀའི་མ་ལག་ཁྱོན་ཡོངས་ནས་བསྐྲུན་པ་དང་། མཚོ་སྔོན་གྱི་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཁག་སྤྱི་ཡོངས་ནས་ཇེ་ལེགས་སུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཐབ་ཕྱོགས་གཅིག་གྱུར་གྱི་སྒུལ་ནུས་བསྩལ་ཡོད།
བཙུགས་ནས་ལོ་གཅིག་གི་རིང་། ཞིང་ཆེན་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གཙོ་གནད་ལས་འགན་གཏན་འཁེལ་བྱས་པར་དམིགས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། རྩ་འཛུགས་འཛུགས་སྐྲུན། སྤྱི་ཡོངས་ཞབས་ཞུ། སེམས་ནུས་གཅིག་སྒྲིལ་བཅས་ཕྱོགས་བཞིའི་ཐོག་ནས་གནད་འཁེལ་ཤུགས་འདོན་བྱས་ཏེ་ལས་ཀའི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་བཏང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཐད། ཞིང་ཆེན་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་ཨང་དང་པོར་བཞག་སྟེ། “ཏང་འཛུགས་དང་འཐབ་ཕྱོགས་གཅིག་གྱུར་ཟུང་འབྲེལ”གྱི་ལས་ཀའི་རྣམ་པ་གསར་གཏོད་བྱས་ཏེ། རྒྱ་ཆེའི་རིམ་གྲས་གསར་པའི་མི་སྣས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ངོས་འཛིན་དང་། བསམ་བློའི་ངོས་འཛིན། གཞུང་ལུགས་ངོས་འཛིན། བརྩེ་དུང་གི་ངོས་འཛིན་བཅས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་སྟེ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་རྨང་གཞི་སྲ་བརྟན་དུ་བཏང་།
རྩ་འཛུགས་འཛུགས་སྐྲུན་ཐད། ནུས་ཤུགས་ཡོད་རྒུས་རྩ་འཛུགས་མ་ལག་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་རྫོང་གི་རིམ་གྲས་གསར་པའི་མཐུན་འབྲེལ་རྩ་འཛུགས་ཡོངས་སུ་ཁྱབ་པ་མ་ཟད། ཆེད་དོན་ཨུ་ཡོན་ལྷན་ཁང་དང་ཡན་ལག་ཚོགས་པ་འཛུགས་སྐྲུན་བརྒྱུད་དེ། “ཆབ་སྲིད་ཐོག་ཚོགས་འདུ་འཛུགས་པ་དང་། ཞབས་ཞུའི་ཐོག་ཚོགས་འདུ་དར་རྒྱས། བྱེད་སྒོ་ཐོག་ཚོགས་འདུ་སྟོབས་ཆེར་གཏོང་བ”བཅས་ཀྱི་ཕྱོགས་སྟོན་གསལ་པོ་ཆགས་ནས་ཞིང་ཆེན་ཡོངས་ཀྱི་རིམ་གྲས་གསར་པས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི“བསམ་བཀོད་གཅིག”གི་གནས་སྟངས་སྔར་བས་སྲ་བརྟན་དུ་བཏང་། སྤྱི་ཡོངས་ཞབས་ཞུའི་ཁྱབ་ཁོངས་སུ་ཞིང་ཆེན་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ནས་རང་འགུལ་ངང་བྱས་རྗེས་བཞག མཚོ་སྔོན་པོའི་སྐྱེ་ཁམས་སྐོར་སྲུང་ཡུལ་དངོས་དང་པོ་ནས་འཛམ་གླིང་རང་བྱུང་སྲུང་སྐྱོབ་ཚོགས་ཆེན་གྱི“མཚོ་སྔོན་ཉམས་མྱོང”མཉམ་སྤྱོད་བར། “མཚོ་སྔོན་གྱི་མཛེས་སྡུག་འཚོལ་བ”ཞེས་པའི་ཟོང་རྟགས་བཏོད་པ་ནས་ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་སེལ་བ་དང་། སྤྱི་ཕན་རོགས་སྐྱོར་སོགས་ལག་ལེན་བྱེད་སྒོ་སྤེལ་བའི་བར། ལས་དོན་ཁག་གི་དམིགས་འབེན་གནད་ལ་འཁེལ་ཞིང་བྱེད་ཐབས་བརྟན་པོ་ཡོད་པ་དེས་མཚོ་སྔོན་གྱི་རིམ་གྲས་གསར་པའི་མི་སྣའི་དུས་རབས་ཀྱི་ཉམས་འགྱུར་དང་འགན་འཁྲི་འགན་ཁུར་ལེགས་པོར་མངོན་ཡོད།
དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་ཚོགས་མི་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་དང་དངུལ་རྩ། ཁྲལ་དོན་དང་བཅའ་ཁྲིམས་བཅས་མཉམ་འབྲེལ”གྱི་སྣ་མང་ཞབས་ཞུའི་ལས་སྟེགས་བཙུགས་པ་དང་། རྒྱུན་རྣམ་ཅན་གྱི་རྟོག་ཞིབ་འཚམས་འདྲི་དང་ཕུན་སུམ་ཚོགས་པའི་མཐུན་འབྲེལ་བརྗེ་རེས་བྱེད་སྒོ་སྤེལ་བ་བཅས་བརྒྱུད་དེ། མི་སེམས་དྲོ་བ་དང་སྟོབས་ཤུགས་གཅིག་སྡུད། ས་ཁོངས་བརྒལ་བའི་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་རྒྱ་བསྐྱེད་དེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དེ་ལས་མང་བའི་ཕྱི་ཕྱོགས་ཀྱི་ཐོན་ཁུངས་དང་བློ་གྲོས་སྟོབས་ཤུགས་གཅིག་སྡུད་བྱས།
མཚོ་མོ་སྐྱིད་ཀྱིས་བསྒྱུར།