རབ་བྱུང་ལོ་སར་གྱི་ངོ་སྤྲོད་མདོར་བསྡུར།
2019.03.20 ཁུངས། ཀློག་གྲངས། 303

སྤྱིར་བཏང་ལོ་སར་ནི་ལོ་གཅིག་ནང་གི་དུས་ཚིགས་ཀྱི་ཆེས་ཐོག་མ་ངོས་བཟུང་ནས་ལོ་གསར་པ་བསུ་ཐབས་ཞིག་ཡིན་ཞིང་། དེ་ཡང་མདོ་རྒྱུད་བསྟན་བཅོས་དང་ཡུལ་དུས་ཀྱི་བརྩི་ལུགས་དབང་ལས་དུས་ཚིགས་ཀྱི་ཐོག་མ་ངོས་འཛིན་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་འཇིག་རྟེན་ཡོངས་གྲགས་མཆུ་ཟླ་བ་སྟེ་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་མགོ་དང་དུས་མགོར་བཟུང་ནས་ལོ་གསར་པ་བསུ་བའི་དགའ་སྟོན་གཏོང་སྲོལ་ཡོད་མོད། འདིར་ཐུན་མིན་ནང་བསྟན་ཆོས་ལུགས་ཀྱི་ཆོས་མངོན་པ་དང་ཆོས་འདུལ་བའི་ལུགས་ཀྱི་དུས་མགོ་ངོས་འཛིན་ལྟར་ན་འདུལ་བ་ཚིག་ལེར། དགུན་དུས་དང་ནི་དཔྱིད་ཀ་ཉིད་ཞེས་དང་། འདུལ་བ་ལུང་རིགས་གཏེར་མཛོད་ལས། མངོན་འདུལ་གཞིར་གཞག་ལ་དགུན་གྱི་དུས་ཚིགས་ཀྱི་ཐོག་མར་འཇོག་སྟེ་ཞེས་ཆོས་འདུལ་བའི་སྡེ་སྣོད་དང་། མཛོད་རང་འགྲེལ་ལས་དགུན་དང་དཔྱིད་དང་དབྱར་རྣམས་ཀྱི་ཞེས་དང་། འགྲེལ་ཆེན་རྒྱལ་སྲས་མ་ལས། སངས་རྒྱས་རྣམས་ཀྱི་དུས་ཀྱི་དང་པོ་དགུན་དག་ཡིན་ལ་ཟླ་བ་ཐམས་ཅད་ཀྱི་མར་གྱི་ངོ་སྟེ་ཞེས་སངས་རྒྱས་ཀྱི་ཆོས་མངོན་པའི་གཞུང་ནས་དགུན་གྱི་དུས་ཚིགས་ཀྱི་ཐོག་མར་བཟུང་ནས་དེ་ལ་དུས་བཞིའི་སོ་སོར་རབ་འབྲིང་ཐ་གསུམ་སྟེ་དགུན་ཟླ་རབ་འབྲིང་ཐ་གསུམ་ལས་དགུན་ཟླ་ར་བའམ་ཐོག་མ་ནི་འཇམ་མགོན་བླ་མ་ས་སྐྱ་པནྜི་ཏས། རི་དྭགས་མགོ་ཅན་མིག་འབྱེད་དང་། ལོ་མགོ་ཞེས་བྱ་སྨལ་པོའི་མིང་། ཞེས་གསུངས་པ་ལྟར་སྨལ་པོ་མགོ་ཟླ་བའམ་སྟག་ཟླ་བ་སྟེ་བོད་ཟླ་བཅུ་གཅིག་པ་ཡིན་ཅིང་དེ་ཉིད་ཚེས་གཅིག་ནས་དུས་མགོ་དང་ལོ་མགོ་འཛིན་པར་བཞེད་ཅིང་། དེ་ཉིད་ངོས་འཛིན་ལ་ཆོས་འདུལ་བའི་ལུགས་ལྟར་ན་ཟླ་བ་རེའི་ཡར་ངོ་མར་ངོ་གཉིས་ལས་མར་ངོ་སྔོན་འགྲོ་ཡིན་པས་མགོ་ཟླ་བའི་མར་ངོའི་ཚེས་གཅིག་སྟེ་ཡོངས་གྲགས་བོད་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་ལོ་མགོ་དང་ལོ་གསར་པ་ཤར་བ་ཡིན་ནོ།

དེ་ཡང་ཟླ་བ་བཅུ་པའི་ཡར་ངོའི་ཚེས་བཅོ་ལྔ་སྐར་མ་སྨིན་དྲུག་ཉ་གང་བའི་དུས་སུ་སྟོན་རབ་འབྲིང་ཐ་གསུམ་ལས་ཐ་མ་རྫོགས་པ་དང་ཚེས་བཅུ་དྲུག་ནས་དགུན་ཟླ་དང་པོ་དང་ལོ་གསར་པ་ཤར་བ་དུས་མཚུངས་ཞིང་ཐུན་མོང་འཇིག་རྟེན་བརྩི་ལུགས་ལ་ཡར་ངོའི་ཚེས་པ་སྔོན་འགྲོ་ཡིན་ཀྱང་ཆོས་གཞུང་ཐུན་མིན་ལྟར་ན་མར་ངོའི་ཚེས་གཅིག་ནས་སྔོན་འགྲོར་བྱེད་པ་ནི་འདུལ་བ་ལུང་རིགས་གཏེར་མཛོད་ལས། ཡར་ངོའི་དུས་སུ་ཟླ་བ་འཕེལ་བ་དང་མར་ངོའི་དུས་སུ་འགྲིབ་པ་ལྟར་ཞེས་སོགས་གསུངས་པས་འཇིག་རྟེན་པ་རྣམས་དང་པོར་འདོད་ཡོན་གྱི་ལུས་ལོངས་སྤྱོད་འཕེལ་བ་ལྟར་སྣང་ཡང་མཐར་རྒུད་པའི་ཆོས་ཅན་ལས་མ་འདས་པས་ཟླ་བ་ཡར་ངོ་ཚེ་གཅིག་ནས་བཅོ་ལྔ་བར་ཆེ་ཆེར་འཕེལ་ཡང་མར་ངོ་བཅུ་དྲུག་ནས་ནམ་གང་བར་རིམ་བཞིན་འགྲིབ་པ་ལས་མ་འདས་པའི་ཕྱིར་ཡར་ངོ་སྔོན་འགྲོར་འཇོག་པ་དང་། ཟླ་བ་མར་ངོར་ཅུང་འགྲིབ་ཀྱང་ཡར་ངོར་གོང་དུ་གོང་དུ་འཕེལ་ཞིང་ཚེས་བཅོ་ལྔར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟར་ནང་བསྟན་གྲུབ་མཐའ་ལ་ཞུགས་པའི་རབ་ཏུ་བྱུང་བ་རྣམས་དང་པོར་ལུང་རྟོགས་ཀྱི་ཡོན་ཏན་འཕེལ་བའི་ཕྱིར་དུ་ལྟོ་གོས་གཏམ་སོགས་གྱོང་དུ་བཀུར་ཏེ་དཀའ་སྤྱད་ཀྱི་ལུས་སེམས་གདུང་བ་ལྟར་སྣང་ཡང་མཐར་ལུང་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་ཐོབ་བྱའི་འབྲས་བུ་ཕུན་སུམ་ཚོགས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་འགྱུར་བའི་རྟེན་འབྲེལ་ཆེ་བ་ཡོད་པས་ན་ནང་ཆོས་མངོན་འདུལ་གཞུང་ནས་ཡར་ངོ་སྔོན་འགྲོ་ལས་ལྡོག་སྟེ་མར་ངོའི་ཚེས་གཅིག་དེ་ཚེས་ཆ་ཐོག་མར་བཟུང་བ་དང་ཟླ་དེའི་ཚེས་མགོར་བཞེད།

དེས་ན་བོད་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་བཅུ་གཅིག་པའི་ཚེས་བཅོ་ལྔ་བར་ནི་མགོ་ཟླ་བ་སྟེ་བོད་ཟླ་བ་བཅུ་གཅིག་པ་དང་བོད་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་ནི་མགོ་ཟླ་བའི་ཚེས་གཅིག་ཡིན་པས་དེ་ཉིན་ནི་རབ་བྱུང་ལོ་གསར་ཞེས་འབོད། སྤྱིར་ན་རབ་ཏུ་བྱུང་བ་རྣམས་ཟང་ཟིང་འདུ་འཛིའི་ལོངས་སྤྱོད་ལས་རྒྱང་རིང་དུ་བྲལ་དགོས་རྐྱེན་ལོ་གསར་པ་བསུ་བའི་སྟོན་མོ་དམིགས་གསལ་མེད་མོད་ཡིན་ཀྱང་རབ་ཏུ་བྱུང་བའི་གྲྭ་བཙུན་རྣམས་ཀྱི་ཆོས་འདུལ་བའི་ལུགས་ཀྱི་དུས་ཚིགས་ཀྱི་རྣམ་གཞག་ཇི་ལྟ་བ་བཞིན་འཇོག་པའི་སྟེང་དེ་ལུགས་ཀྱི་ལོ་དེའི་གཞི་གསུམ་གྱི་ཕྱག་ལེན་ཁག་དང་ལྷག་དོན་ལོ་གཅིག་གི་ཞག་མི་ཐུབ་པའམ་བཅུ་བཞི་གསོ་སྦྱོང་ཐེངས་དྲུག་བྱེད་དགོས་པ་རྣམས་ཆད་ལྷག་མེད་པར་རྫོགས་པའི་ཕྱིར་དུ་གདན་ས་ཆེན་པོ་དཔལ་ས་སྐྱ་དགོན་གཙོས་རྒྱ་བོད་ཀྱི་དགོན་སྡེ་ཆེ་ཆུང་ཁག་མང་པོར་སྔར་ནས་ད་བར་དུ་རབ་བྱུང་གི་ལོ་གསར་ཞེས་པའི་ལོ་གསར་པ་བསུ་སྲོལ་ཡོད་པ་དང་དེ་ནས་བརྩིས་པའི་ལོ་དེའི་ནང་གི་རབ་ཏུ་བྱུང་བས་གསོ་སྦྱོང་སོགས་གཞི་གསུམ་གྱི་ཕྱག་ལེན་བྱེད་པའི་དུས་མ་ནོར་བར་སྐྱོང་བཞིན་པ་བཅས་སོ།།

༼རབ་བྱུང་ལོ་གསར་༽ཞེས་བརྡ་སྐད་བསྒྲགས་ཁུལ་གྱིས་ཀྱང་དངོས་ཀྱི་ལོ་རྒྱུས་མི་མཁྱེན་པ་དག་ལ་ཕན་དུ་རེ་ནས་ས་སྐྱ་ཐུབ་བསྟན་རྣམ་རྒྱལ་གྱིས་སྔོན་སོང་བཀོད་པ་དག་བཅོས་ཀྱི་ཚུལ་དུ་བྲིས་པ་དགེའོ།།

དཔྱད་གཞིའི་ཡིག་ཆ། ཆོས་མངོན་པའི་འགྲེལ་ཆེན་རྒྱལ་སྲས་མ། དགྲ་བཅོམ་ས་ག་ལྷས་མཛད་པའི་ཆོས་འདུལ་བ་ཚིག་ལེའུ། མཁས་པའི་གཙུག་རྒྱན་ས་སྐྱ་པཎྚི་ཏས་མཛད་པའི་ཚིག་གཏེར་ཆེན་མོ། འཇམ་མགོན་སྐྱེད་ཚལ་བས་འདུལ་བ་ལུང་རིགས་གཏེར་མཛོད་སོགས།

ཡོང་ཁུངས། ཁམས་པའི་སྨྱན་གསར།