བྱང་ཁོག་ཡུལ་ཐིག་གི་རྩ་ཚིག་རྒྱས་པ་བཞུགས་སོ།།
2019.03.20 ཁུངས། ཀློག་གྲངས། 635

དང་པོ།ལུས་ཀྱི་མདུན་ཐིག་བསྟན་པ།

བགོ་སྐལ་ས་བཅད་ཡུལ་གྱི་གནས་ལུགས་ནི། །

ཁད་མཉམ་སྟན་ལ་སྐྱིལ་ཀྲུང་ལེགས་བཅས་ཏེ། །

སྒལ་ཚིགས་སྲངས་ལ་མགྲིན་པ་ཨན་ཙམ་བཀུག །

དཔུང་པ་ཕྱིར་གདེངས་ལག་གཉིས་པུས་མོར་བཀབ། །

གནམ་ཐིག

དཔུང་འཛུམ་གཉིས་ནས་མངུན་ངོས་ཙ་ར་ཁུང་།། སྐེ་སྟོང་གཡས་གཡོན་མཁྱིད་གང་གནམ་ཐིག་གདབ།།

ཚངས་ཐིག

སྨིན་དབྲག་སྣ་རྩེ་སྐེ་སྟོང་ལྟེ་མཚམས་སྟེང་།། གནས་ལྔ་མི་འཁྱོག་ཐིག་གདབ་ཚངས་ཐིག་བརྗོད།།

གློ་བ་མའི་མཐའ་ཆགས།

ནུ་མ་གཉིས་ནས་ཐུར་དུ་སོར་གང་བཅལ།། དེ་ནས་ཕྱིར་ལ་ཚོན་གང་བཅལ་བ་ནས།། སྐེ་སྟོང་ཙ་ར་ཁུང་དུ་ཐིག་གདབ་པ།། གློ་བ་མ་ཡི་མཐའ་ཆགས་གནས་པ་ཡིན།། སྟེང་ཐུར་ཚོན་གང་གཉིས་ཡིས་ངོས་བཟུང་ལ།། སྐེ་སྟོང་ཙ་ར་ཁུང་དུ་ཚོན་གང་ས།། ནུ་སྟེང་ཚོན་གང་བཅལ་སར་ཐིག་གདབ་པ།། གློ་བ་མ་ཡི་མཐའ་ཆགས་གནས་པ་ཡིན།།

སྙིང་།

ནུ་མ་གཉིས་ནས་ནང་དུ་ཚོན་རེ་བསྐུམ།། སྐེ་སྟོང་སོར་བཞིའི་འོག་ཏུ་ཐིག་གདབ་པའི།། གྲུ་གསུམ་དབུས་ནི་སྙིང་གི་ཡུལ་ཡིན་ལ། །

གློ་བ་བུ།

དེ་ནས་ཕྱིར་ལ་ཚོན་རེ་གྲུ་གསུམ་གདབ།། གཡས་གཡོན་ཆ་བཞི་རྩེ་དང་ལྔར་ཕྱེ་ནས།། རྩེ་ནས་རིམ་བཞིན་མཛོ་སྣ་བྱ་སྒབ་དང་།། ཐུགས་ཁབ་རྟེ་མིག་དགྲ་ལྕེ་སྙིང་ལ་བསྐོར།། གློ་བུ་སྙིང་གི་ཡུལ་དུ་འདོད་པ་ཡིན།། སྟོད་གསང་ངམ་ཕུག་རོན་གསང་། ནུ་མ་ཕྱིར་ཚོན་གང་ནས་གྱེན་དྲང་པོར།། ཐིག་གདབ་སྐེ་སྟོང་གནམ་ཐིག་འཕྲད་པའི་ས།། གློ་བ་མ་བུ་སྙིང་དང་བཅས་པའི་ལོགས།། མཆིན་དྲི་དཀར་པོ་ཡན་དེ་ཕུག་རོན་གསང་།། ལུས་ཐིག་དེ་ཡི་སྟེང་འོག་སྟོང་པར་གནས།།

ལྷེན་སྣ།

ནུ་འོག་བྲང་དཀྱིལ་ཐིག་ཚད་ལྷེན་སྣ་ནས།། ནུ་མ་གཡས་གཡོན་གཉིས་སུ་འཕྲེད་ཐིག་གདབ།། སྙིང་ཐིག་དབུས་ནས་ཐུར་དུ་ཚོན་གང་བཅལ།། གཡས་གཡོན་ཚོན་ཕྱེད་ལྷེན་སྣ་ཞེས་སུ་འདོད།། སོར་ཕྱེད་གོང་བསྣོན་རྩེ་མོ་གྲུ་གསུམ་བྱ།། སོར་གཅིག་སོར་གཉིས་ལྷེན་འབྲེལ་ངོས་བཟུང་ལ། །

མཆིན་དྲི་དཀར་པོ།

བྱང་ཁོག་སྟོད་སྨད་མཆིན་དྲིས་དབྱེ་བ་སྟེ།། ཚིགས་པ་བརྒྱད་ནས་རྩིབ་རིང་གྱེན་ཚོན་གང་།། ཡོལ་གྱིས་བཅད་པ་མཆིན་དྲི་དཀར་པོའི་ཡུལ།།

ནུ་མ་གཉིས་ནས་ཐུར་དུ་སོར་གང་བཅལ།། དེ་ནས་མཆན་འོག་འཕྲེད་ཐིག་གདབ་པའི་ས།། དེ་འོག་ཐུར་དུ་སོར་གང་བཅལ་མཚམས་སུ།། ཚིགས་པ་བརྒྱད་པ་རྩིབ་རིང་གནས་པའི་ཡུལ།། ལྟེན་འབྲེལ་སོར་གྱི་འོག་ལ་ཆུ་བབས་ཐིག ། ཡོལ་གྱིས་བཅད་པ་མཆིན་དྲི་དཀར་པོའི་ཡུལ། །

མཆིན་དྲི་ཁྲ་བོ།

མཆིན་དྲི་ཁུག་པ་བརྒྱད་དང་བཅུ་གསུམ་བར།། རྩིབ་སྟེང་དཀར་ནག་མཚམས་ཏེ་ཁྲ་བོར་འདོད།། དེ་འོག་ཚོན་གང་ཚོན་དོ་འཇལ་བའི་ས།། ལྟེན་འབྲེལ་གཉིས་པའི་འོག་ལ་ཆུ་བབས་ཐིག །མཆིན་དྲི་ཁུག་པ་བརྒྱད་དང་བཅུ་གསུམ་བར།། རྩིབ་སྟེང་དཀར་ནག་མཚམས་ཏེ་ཁྲ་བོར་འདོད།།

མཆིན་དྲི་ནག་པོ།

ལྷེན་རུས་འབྲེལ་མཚམས་ཚིགས་པ་བཅུ་གསུམ་པར།། ཆུ་བབས་ཐིག་གདབ་མཆིན་དྲི་ནག་པོའི་ཡུལ།། ལྷེན་འབྲེལ་གསུམ་པ་ཚོན་དོ་ཆུ་བབས་ཐིག །ལྷེན་རུས་བཅུ་གསུམ་མཆིན་དྲི་ནག་པོའི་ཡུལ།།

ཕོ་བ།

ནུ་མ་བྲང་དཀྱིལ་ཐིག་ཚད་ལྷེན་སྣ་ནས། །ཕོ་བའི་ཟུར་འཐེན་དེ་ནས་ལྟེ་བར་གདབ། །དཔངས་སུ་སོར་ལྔ་ཞེང་སོར་བཅུ་གཉིས་པ། །གོང་སོར་བཞི་དང་ཞེང་སོར་དྲུག་གིས་བསྲང། །ཟས་སྣོད་ཕོ་བའི་ཡུལ་དུ་ཤེས་པར་བྱ། །

མཆིན་པ།

མཛུབ་གང་སྣ་ཤལ་བཟུང་བའི་གྲུ་མོ་གཡས། །ཚོན་རེ་རྒྱབ་མདུན་གར་སླེབས་མཆིན་པའི་ཡུལ། །ལྷེན་སྣའི་རྩེ་ནས་གཡས་སུ་ཚོན་གང་བཅལ། །དེ་ནས་ཐུར་དུ་སོར་ལྔ་བཅལ་བའི་ས། །མཆིན་དྲི་དཀར་ནག་ཚོན་གང་སོར་ཕྱེད་ལ། །འོག་མ་གཉིས་སུ་འཕྲེད་ཐིག་གདབ་པར་བྱ། །དཔངས་སུ་སོར་ལྔ་མཛུབ་གང་མཆིན་པའི་ཡུལ།།

སྣོད་མཁྲིས།

མཆིན་དྲི་དཀར་པོའི་ཐིག་འོག་སོར་ཕྱེད་ལ། །ཕོ་གསང་དབུས་ནས་གཡས་སུ་སོར་བདུན་ན། །དཀྱུས་སུ་སོར་དྲུག་ཞེང་གསུམ་མཁྲིས་པའི་ཡུལ ། །

མཆེར་པ།

མཆིན་དྲི་དཀར་པོའི་ཐིག་འོག་ཚོན་གང་ས། །རྩིབ་ཐུང་གཡོན་ནས་ཕོ་ཟུར་མཛུབ་བཅལ་བའི། །དཔངས་སུ་སོར་ལྔ་མཆེར་པའི་ཡུལ་དུ་འདོད། །

ལོང་ག་རྣམ་གསུམ།

ལྟེ་བའི་གོང་འོག་ཚོན་རེ་དཀྱུས་སོར་བཞི། །ཞེང་སོར་བཅིུས་གར་སླེབས་འཕྲེད་ཐིག་གདབ། །ཆ་གསུམ་ཆ་བགོས་དཀྱུས་ཐིག་བཅད་པར་བྱ། །ལོང་གི་ཡུལ་ཡིན་ཁྲག་ལོང་གཡས་ན་གནས།། སྲིན་ལོང་གཡོན་དང་རྩམ་ལོང་དབུས་ན་གནས། །

རྒྱུ་མ་སྟོད་སྨད།

དེ་འོག་ལོང་དང་ཞེང་མཉམ་དཔངས་ཚོན་དོ། །འཕྲེད་ཐིག་གོང་འོག་གཉིས་ཀྱིས་བཅད་པར་བྱ། །གོང་མ་རྒྱུ་སྟོད་འོག་མ་རྒྱུ་སྨད་ཡུལ།།

ལྒང་པ།

དེ་ཡི་ཟུར་ནས་མཚན་མའི་སྟེང་ལ་གདབ། །གྲུ་གསུམ་ལྒང་པ་མདུན་ལ་གཉེ་མ་རྒྱབ། །

གཉིས་པ་ལུས་ཀྱི་རྒྱབ་ཐིག་བསྟན་པ།

གནམ་ཐིག

མཁར་དབུས་གཡས་གཡོན་མཛུབ་གང་བཅལ་བའི་ས། །ཚིགས་པ་དང་པོར་འཕྲེད་བཅས་གནམ་ཐིག་གདབ། །

ཚངས་ཐིག

ལྔ་གསུམ་སྟེང་འོག་དབུས་ནས་གཞུག་ཆུང་བར། །མ་ཡོ་སྲོང་པོར་ཐིག་གདབ་ཚགས་ཐིག་བརྗོད། །

གློ་བ་མ་ལྔ།

མཁར་མཚམས་འོག་ནས་ཐུར་དུ་སོར་གང་བཅལ། །དེ་ནས་གཡས་གཡོན་མཁྱིད་གང་བཅལ་བའི་ས། །འཕྲེད་ཐིག་གདབ་སྟེ་གསེགས་རྗེས་གོང་ཐིག་ཕྱིས། །དེ་འོག་ཚོན་གང་ཆག་དོ་བཅལ་བའི་ས། །བཞི་དྲུག་བརྒྱད་ཀྱི་ཚིགས་པས་དབུས་ཚངས་སྲོངས། །གཡས་གཡོན་འཕང་ལོའི་ལྡེབས་ལ་ཐིག་རྩ་བཟུང་། །ཚིགས་པ་བཞི་ནས་གྱེན་གསེགས་ཆག་གང་པ།                །བརྒྱད་ནས་ཐུར་གསེགས་མཛུབ་གང་བཅལ་བའི་ས། །གསེགས་པ་གོང་འོག་ཕྱོགས་གཉིས་ཐིག་གིས་འཐུད། །སོར་མོ་བཅུ་གཉིས་ཚད་གཞི་ལོན་པར་བྱ།། གྲུ་བཞིར་ཐིག་གདབ་ཚིགས་པ་བཞི་པ་དང་། །བརྒྱད་དྲུག་གཉིས་ནས་འཕྲེད་ཐིག་ལན་རེ་དང་། །གྱེན་ཐིག་དབུས་མ་གསུམ་ཆ་གཡས་གཡོན་དུ། །གསུམ་གཉིས་རེ་གདབ་མཐའ་གཉིས་གྲྭ་བཞིར་བཅད།                །དེ་ལྟར་གོང་མའི་གྲྭ་གཉིས་སྟག་མགོ་དང་། །དབུས་ཀྱི་གསུམ་ཆ་སྒང་སྟོད་སྒང་སྨད་ཡིན། །དེ་ནས་རྩིབས་གཤམ་ཟགས་སྣ་རིམ་པ་བཞིན། །གློ་བ་མ་ཡི་ཡུལ་དུ་འདོད་པ་ཡིན།།

མཆིན་དྲི་དཀར་པོ།

ཚིགས་པ་བརྒྱད་དབུས་གཡས་གཡོན་སོར་བཅུའི་ས། །དེ་ནས་ཚོན་གང་ཐུར་དུ་བཅལ་བ་ན། །བརྒྱད་པའི་འཕང་ལྡེབས་ཆུ་བབས་ཐིག་གིས་སྦྲེལ། །རྩིབ་རིང་ཡོལ་གྱིས་བཅད་པ་དཀར་པོའི་ཡུལ།།

མཆིན་དྲི་ཁྲ་བོ།

ཚིགས་པ་བརྒྱད་ནས་འཕྲེད་ཐིག་བཅལ་བའི་ས། །དེ་འོག་ཐུར་དུ་མཁྱིད་གང་བཅལ་བ་ན། །ཚིགས་པ་བཅུ་དང་བཅིུས་མཁར་མཚམས་གནས།། དེ་ནས་དཀར་པོའི་ཐིག་འོག་ཚོན་གང་ས། །གུག་པོའི་ཐིག་ནི་མཆིན་དྲི་ཁྲ་བོར་འདོད། །

མཆིན་དྲི་ནག་པོ།

ཚིགས་པ་བཅུ་ནས་ཐུར་དུ་ཆག་གང་བཅལ། །ཚིགས་པ་བཅུ་གསུམ་འཕྲེད་ཐིག་ངོས་བཟུང་ལ། །དེ་ནས་ཁྲ་བོའི་ཐིག་འོག་ཚོན་གང་ས། །གྱེན་གསེགས་ཆུ་བབས་མཆིན་དྲི་ནག་པོའི་ཡུལ།།

མཁལ་མ།

ཚིགས་པ་བཅུ་བཞིའི་དབུས་ནས་སྟེང་ཚོན་གང་། །འོག་ཏུ་སོར་གསུམ་བཅོ་ལྔའི་མཁར་མཚམས་སུ། །གཡས་གཡོན་སོར་བདུན་དཔངས་སུ་སོར་ལྔ་པ། །གྱེན་ཐིག་ལན་གཉིས་བཅད་པ་མཁལ་མའི་ཡུལ།།

བསམ་སེའུ།

བཅུ་གསུམ་བཅུ་བཞིའི་དབུས་ནས་ཕྱིར་ཚོན་གང་། །བསམ་སེ་ཚིགས་པ་བཅུ་གསུམ་འོག་ན་གནས། །གྱེན་ཐིག་ལན་གཉིས་བཅལ་བ་བསམ་སེའི་ཡུལ།།

མཁལ་འབྲས་དང་མཁལ་ཚིལ། །

དེ་ནས་གཡས་གཡོན་གཉིས་སུ་སོར་གང་དང་། །མཁལ་འབྲས་ངོ་བོ་རྣ་བའི་མཐའ་དང་མཉམ། །མཁལ་ཚིལ་རྩ་མདུད་འཁོར་བུའི་གནས་ཀྱིས་བཅལ། །

གཉེ་མ།

བཅོ་བརྒྱད་དབུས་ནས་གཡས་གཡོན་སོར་བདུན་བཅལ། །གཞུག་ཆུང་ཚིགས་པ་དང་པོའི་རྩེ་མོ་རུ། །གྲུ་གསུམ་ཐིག་གདབ་གཉེ་མའི་ཡུལ་དུ་འདོད། །དཔངས་སོར་བདུན་གྱི་ཆ་ཡིས་འགེངས་བར་བྱ། །མཁལ་མའི་ཡུལ་ནས་སོར་ལྔ་གཉེ་མའི་བར། །

མཇུག་བྱང་།

མི་གཙང་རྒྱུ་ནི་ཁུ་ཁྲག་གཉིས་ལས་གྲུབ། །འབྱུང་ལྔའི་རྐྱེན་དང་རྟེན་འབྲེལ་རྒྱུ་ཚོགས་ལས། །མི་རྟག་ཕུང་པོའི་ཆ་ཤས་གནས་ལུགས་འདི། །ཞལ་ཚད་གཞུང་བཞིན་རྟོགས་པའི་བཀྲ་ཤིས་ཤོག །ལུང་རྟོགས་ལྡན་པའི་ཐུབ་ཚེའི་ཞལ་མངའ་ལས། །ཐབས་མཁས་དགེ་བཤེས་གདམས་པའི་རོ་བཅུད་དེ། །ལྕགས་རིའི་སྙན་བརྒྱུད་འཛིན་པ་ཆོས་དབང་གིས།  །ལྷག་བསམ་འོ་མཚོའི་རེ་འདོད་ཁྱེད་ལ་གཏད། །ཅེས་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་རམས་པ་བསྟན་པ་ཆོས་འཕེལ་ནས།

ཡོང་ཁུངས། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།