རྩེ་ཁོག་དོམ་ལུང་སྡེ་བའི་ལྷ་རྩེད།
2019.03.20 ཁུངས། ཀློག་གྲངས། 238




 དམངས་སྲོལ་རིག་གནས་ནི་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་ཟས་གོས་གནས་མལ་དང་འགྲོ་འདུག་སྤྱོད་གསུམ་བཅས་ཀྱི་ནང་དུ་ཡོངས་སུ་སིམ་ནས་ཡོད། དམངས་སྲོལ་རིག་གནས་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་རྣམ་པ་ཞིག་ཡིན་པ་མ་ཟད། ད་དུང་མི་རབས་ནས་མི་རབས་བར་རྒྱུད་དེ་རྒྱུན་འཛིན་བྱས་པ་ཞིག་ཡིན་སྟབས་དེར་གཏན་འཇགས་ཀྱི་ཁྱད་ཆོས་ཤིག་ཡོད་ལ། དེ་ལས་མི་རིགས་གཅིག་གི་རིག་གནས་ཀྱི་ཆ་ཤས་ཞིག་ཀྱང་མངོན་ཐུབ་ཀྱི་ཡོད་ཅིང་། དེར་སྲུང་དགོས་པའི་རེ་བ་དང་རིན་ཐང་གི་ཚད་གཞི་ཞིག་ཀྱང་ཡོད་པས་དེས་ཕྱི་ཚུལ་ནས་མི་རྣམས་ཀྱི་བྱ་སྤྱོད་ལ་ཚད་གཞི་ཞིག་བཟོ་གི་ཡོད་ལ་ནང་ཁུལ་ནས་ཡང་བསམ་བློའི་ཐོག་ནས་མི་རྣམས་ལ་ལྟ་བ་ཞིག་ཀྱང་གསོ་སྐྱོང་བྱེད་ཀྱི་ཡོད་པས། དོམ་ལུང་ལྷ་རྩེད་ལ་མཚོན་ན་རྩེ་ཁོག་ས་ཆའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་རྩ་ཆེན་ཞིག་ཡིན་ལ། དེ་ལ་སྲུང་སྐྱོབ་དང་ཞིབ་འཇུག་གི་རིན་ཐང་ངེས་ཅན་ལྡན་ཞིང་མི་དམངས་འཆམ་མཐུན་དང་སྤྱི་ཚོགས་བདེ་འཇགས། སྐྱེ་ཁམས་སྲུང་སྐྱོབ་ངོས་ཐད་ནས་ཀྱང་གཞན་ལས་ལྷག་པའི་ནུས་པ་ཞིག་ཐོན་དང་ཐོན་གྱིན་ཡོད། ཐེངས་འདིར་གསར་འགོད་པས་ཀྱང་འདིའི་སྐོར་ལ་ཤེས་འདོད་ཀྱི་འདུན་པ་འགོག་མ་ཐུབ་བར་ལོ་སར་གནང་བའི་གོ་སྐབས་དང་བསྟུན་ཏེ་ཡུལ་དངོས་སུ་བཅར་འདྲི་དང་རྒྱུས་ལོན་བྱེད་དུ་སོང་བ་ཡིན། ཡིན་ཡང་དུས་ཚོད་ཀྱི་རྐྱེན་གྱིས་ལྷ་རྩེད་ཧྲིལ་བོ་རྒྱུས་ལོན་བྱེད་མ་ཐུབ་པས། འབྲེལ་ཡོད་རྒྱུ་ཆ་འཚོལ་བཤེར་དང་ལོ་ལོན་རྒན་པ་འགའ་ཤས་ལ་བཅར་འདྲི་བརྒྱུད་མཐར་འབྲི་ཁུལ་བྱས་ཀྱང་། ནང་དོན་གྱི་ཆ་དང་འབྲི་བའི་གོ་རིམ་གང་གི་ཆ་ནས་མི་འདང་ས་མང་པོ་གནས་སྲིད་ལ། དོམ་ལུང་ལྷ་རྩེད་ཀྱི་བྱུང་བ་དང་རྩེད་སྟངས་སོགས་རྒན་གུ་རུ་ཚེ་རིང་གིས་བརྩམས་པའི《རེབ་ཀོང་དམེ་ཤུལ་ཚོ་བའི་ལོ་རྒྱུས》ཀྱི་དཔེ་ཆ་གཞིར་བཟུང་ནས་བྲིས་ཡོད།


  ལོ་སར་གྱི་ཚེས3ཉིན་ནས་བཟུང་། ལོ་རེ་བཞིན་རྩེ་བའི་རྩེ་ཁོག་དོམ་ལུང་སྡེ་བའི་ལྷ་རྩེད་མགོ་བརྩམས་པ་ཡིན་ལ། ཚེས་3ཉིན་སྐར་འཛིན་བྱས་ཏེ། རིམ་པ་ལྟར་ལྷ་ཆང་ཁ་ཉུལ་བ་དང་ལྷ་རྩེད། རྩེད་རིགས་སོགས་རིམ་པ་དང་གོ་རིམ་ཆ་ཚང་སྒོས་སྤེལ་སོང་། གསར་འགོད་པ་ཡང་དེ་ལ་བལྟ་འདོད་ཀྱི་འདུན་མ་འགོག་མ་ཐུབ་པར་ཡུལ་དངོས་སུ་བཅར་འདྲིར་བསྐྱོད་པ་ན། གནས་དེ་རུ་མི་ཚོགས་ཀྱི་འདུ་འཛོམས་ཆེ་ལ་བསང་དུད་ཀྱིས་ནམ་མཁའ་བཀང་ཡོད་ལ། ལྟད་མོ་བ་ཕོ་མོ་རྒན་གཞོན་ཚང་མ་སྔ་མོ་ནས་སླེབས་ཏེ་ལྷ་རྩེད་ལ་བལྟ་བཞིན་ཡོད། ལྷ་ཕྲུག་རྣམས་ཀྱིས་ལུས་ལ་གོས་གསར་གང་ཡག་གོན་ཞིང་རྐང་ལ་སག་ལྷམ་དམར་བོས་མཛེས་པར་བརྒྱན་ཏེ་སྲུང་འཁོར་གེའུ་ཕྲེང་བ་མེ་ཆསལྷུག་པར་སྤྲས་ཏེ། བསང་རྫས་འདོད་པས་གཏོར་པ་དང་བསང་དུད་མཁའ་ལ་འཁྲིགས་ཤིང་བསང་འབོད་ས་གསུམ་ཁྱབ་ལ་དུང་སྒྲས་ཡུལ་གསུམ་སྤྲོ་ནས་རླུང་རྟས་མཁར་རྩེན་ཉི་འོད་བསྒྲིབས་པ་ཙམ་བྱས། ཚོགས་རའི་ནང་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་པའི་དགའ་འབོད་དང་མཉམ་དུ། ཏིང་ཏིང་། ཏིང་ཏིང་། ཏིང་ཏིང་། ཏིང་ཞེས་སྐྱེས་པ་ལྔ་བཅུ་ནས་དྲུག་ཅུ་ཡིས་ལྷ་རྔ་མཉམ་བརྡུང་གི་ཏིང་སྒྲ་ནི་ཚོགས་ར་ལས་བརྒལ་ཏེ། དོམ་ལུང་སྡེ་བའི་རྒྱབ་རིའི་བྲག་ཅ་དང་བཅས་རྩེ་གཞུང་ས་ལའི་སྨན་ལྗོངས་ཡོངས་ལ་ཁྱབ། ཉིན་བདུན་རིང་གི་ལྷ་ཕྲུག་དག་གི་ལྷ་རྩེད་དང་གར་མའི་གར་རྩེད་ཀྱི་སྤྲོ་དགའ་དགྱེས་གསུམ་གྱི་སྣང་བས་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས།

  དོམ་ལུང་སྡེ་བ་ནི་ལུང་བཟང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་ལ། ལུང་བཟང་ཞེས་པ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲིད་གཞུང་ནས་ཤར་བྱང་ཕྱོགས་སུ་སྤྱི་ལེ20ལྷག་ཕྱིན་པའི་མཚམས་ཀྱི་སྲིད་འཛིན་སྡེ་བ་ཞིག་ཡིན་ལ། མཚོ་ངོས་ལས་མཐོ་ཚད་སྨི3300ཡོད། དེའང་སྤྱི་ལོ1958ལོར་གསར་གཏོད་རུ་ཆེན་དང་ཤར་རླུང་རུ་ཆེན་གཉིས་བསྲེས་ཏེ་ལུང་བཟང་རུ་ཆེན་བཙུགས་ཤིང་། སྤྱི་ལོ1962ལོར་ལུང་བཟང་ཀུང་ཧྲེ་རུ་ཆེན་རིམ་པ་དང་པོ་དང་། རིག་གསར་གྱི་སྐབས་སུ་སླར་ཡང་ལུང་བཟང་རུ་ཆེན་དུ་བསྒྱུར། སྤྱི་ལོ1984ལོར་ལུང་བཟང་འབྲོག་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར། བཅིངས་འགྲོལ་ཡར་སྔོན་ལ་དམེ་ཤུལ་སྡེ་བའི་དོམ་ལུང་དང་། ཁ་འཁྱིལ། དོ་ཙི་བཅས་ཚོ་བ་གསུམ་འདུས། ལུང་བཟང་ཞེས་པ་ནི་སྔོན་རབ་བྱུང་དྲུག་པར་རོང་ཆེན་མདོ་སྡེ་འབུམ་གྱི་སྲས་གསུམ་པ་ཏཱ་ཀོ་ཤྲི་བློ་གྲོས་སེང་གེ་མཆོག་གིས་རེབ་གོང་སྟོད་སྨད་བར་གསུམ་དུ་བཙན་ཁྲལ་བསྡུས་ཏེ། གལ་ཏེ་ཁྱིམ་གཅིག་ན་བུ་གསུམ་ཡོད་ཚེ་དེའི་ནང་གི་བུ་གཅིག་གྲྭ་བ་བྱེད་དགོས་པའི་བཀའ་ལུང་བཟང་བོ་འབྱོར་ས་ཡིན་པས་ལུང་བཟང་ཞེས་ཐོགས་པར་བཤད། གནས་འདི་ནི་རི་མཐོ་ས་གཙང་ཞིང་ཡུལ་བཟང་བ། གངས་རི་ཚར་དུ་དངར་བ། ཆུ་ཀླུང་དྲི་མ་མེད་པ། རིན་ཆེན་གཏེར་གྱིས་ཕྱུག་པ་སོགས་སྣོད་བཅུད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཡོད།


ལྷ་རྩེད་ཀྱི་བྱུང་བ།


  དོམ་ལུང་ལྷ་རྩེད་ནི་དོམ་ལུང་ལྷ་རྒན་ཚེ་རིང་དོན་གྲུབ་སྤྱི་ལོ1898ལོར་སྐྱེས། ལོ་བཅུ་གསུམ་སྟེང་རྫོང་ཆུང་ཚང་གིས་ལྷ་སྒོ་ཕྱེས་ཏེ་ལྷ་འབེབས་མགོ་ཚུགས་ལ། ཤར་སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དྲུག་པ་ཆེན་པོ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་གཙོས་སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་སོགས་བླ་སྤྲུལ་ལྔ་བཅུ་ལྷག་གི་ཞབས་ལ་གཏུགས་ཤིང་ཁོང་རྣམ་པས་བྱིན་གྱིས་བརླབས་པའི་ལས་ཡུལ་ཕྱོགས་འདིར་མིང་དུ་གྲགས་ཤིང་ཀུན་གྱིས་བསྔགས་བརྗོད་བྱེད་པའི་ལྷ་བ་ངོ་མཚར་ཅན་ཞིག་ཏུ་གྱུར།

 རྒྱུས་ལོན་པ་ལྟར་ན། དོམ་ལུང་སྡེ་བ་ནི་ཤར་ཚང་གི་ལྷ་སྡེ་ནང་མ་ཡིན་ཞིང་ཤར་སྐྱབས་མགོན་དང་རོང་བོ་ནང་སོ་བླ་དཔོན་གཉིས་ཀྱི་ཕྱག་རྫས་དོ་དམ་བྱེད་པའི་དར་ཝོན་ཞེས་པའི་འགན་ཁུར་བའི་ལས་སྒོ་དང་བཅས་འབྲེལ་བ་དམ་ཟབ་ཏུ་ཆགས་ཡོད། སྐབས་དེར་དོམ་ལུང་ནས་ནོར་ལུག་མང་བའི་ཁྱིམ་ཚང་སྐོར་ཞིག་འབྲོག་ནས་ཕྱུགས་འཚོས་ཤིང་། འཕྲོ་མ་རྣམས་ཀྱིས་རོང་ནས་བསྡད་དེ་ཞིང་ལས་གཉེར། ཞིང་བ་ཚོས་ཤར་སྐྱབས་མགོན་མཆོག་ལ་ཆར་ཆུ་དང་ཐན་སྐམ་སོགས་ཀྱི་གནོད་ལ་སེལ་བའི་སྐྱབས་འཇུག་ཞུས་པས། ཁོང་གིས་ཁྱོད་ཚོས་ལྷ་རྩེད་གྱིས་དང་། ནམ་མཁའ་ནས་ལྷ་རྩེད། ས་ཐོག་ནས་ཀླུ་རྩེད། ལྷ་ཀླུ་དགྱེས་པའི་མཆོད་བསྟོད་ཀྱི་ཚུལ་དུ་ལྷ་རྩེད་བྱས་ན་ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པའི་དགེ་མཚན་ཡོད་ཅེས་བཀའ་གསུང་གནང་། དེ་ནས་བཟུང་དོམ་ལུང་ལྷ་བའི་བཀའ་བཀོད་ལྟར་ལྷ་རྩེད་ཀྱི་གཞི་ཚུགས།

 ལྷ་རྩེད་སྐབས་སུ་ལྷ་ཕྲུག་རེ་རེས་ལྷའི་གསོལ་སྐལ་ལ་དཀར་གཏོར་བཅུ་གསུམ་རེ་དང་རྩམ་པས་བཅོས་པའི་ར་ཐུང་རེ་བཟོས་ནས་འཁྱེར་ཡོང་སྟེ། ཡར་བླ་མ་དཀོན་མཆོག་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག ལྷ་ཀླུ་གཉན་བཙན་བཅས་ལ་དཀར་མཆོད་ཤིང་ཐོག་སིལ་ཏོག་རྩི་ཐོག་སྨན་ཐོག་དཀར་གསུམ་མངར་གསུམ་ལྷ་ཤིང་གཙང་ཆབ་སོགས་རྒྱ་ཆེ་ཞིང་གྱ་ནོམ་པའི་མཆོད་པ་བཤམས་ནས་འབུལ་བ་དང་། བསང་ཀ་བཞི་མ་དང་ལྷ་ཕྲུག་རྩེད་རའི་དབུས་སུ་བསང་ཁྲི་བརྩིགས་པའི་སྟེང་བཟའ་བཅའ་བཏུང་བ་འབྲུ་སྨན་བཟའ་ཤིང་རྣམས་བསྲེགས་པའི་དུད་སྤྲིན་གྱིས་ལྷ་ལམ་བཀང་ཞིང་ལྷ་ཕྲུག་ཕོ་མོ་གཞོན་ནུ་རྣམས་ཀྱིས་ལུས་ལ་གཙང་ཞིང་དག་པའི་ཁྲུས་བྱས་ཏེ་གོས་རྒྱན་ཅི་འབྱོར་གྱིས་ལེགས་པར་བརྒྱན་ཞིང་། སྤྱོད་པ་གཙང་ཞིང་དག་པའི་སྒོ་ནས་མི་གཙང་དྲི་མས་མ་བསླད་པར་ལྷ་རྩེད་སྐབས་འགྲོ་འདུག་ཟ་འཐུང་ཞག་སྡོད་ཚང་མ་ལྷ་རྩེད་མཇུག་རྫོགས་རག་བར་ལྷ་རྩེད་ཁང་དུ་འདུག་དགོས་པའི་སྒྲིག་སྲོལ་ལེགས་པོ་བཙུགས་ཡོད།

  ལྷ་ཕྲུག་རེ་རེ་ནས་ལྷ་རྔ་ལག་ཏུ་བཟུང་ཞིང་ལྷ་བའམ་ལྷ་དཔོན་གྱིས་རྔ་རྡུང་སྣེ་ཁྲིད་དེ་ལྷ་རྩེད་བྱེད་པ་དང་། ལྷ་རྩེད་རྩེད་སྟངས་ལ་དགྲ་ལྷ་བཅུ་གསུམ་གྱི་སྒོ་ནས་རྩེད་སྐོར་བཅུ་གསུམ་ཡོད་ལ་ལྷ་རེ་རེར་འཁྲབ་སྟངས་རེ་རེ་ཡོད། ལྷ་ཕྲུག་དཔའ་བོ་བཅུ་གསུམ་དང་། ལྷ་མོ་དཔའ་མོ་བཅུ་གསུམ་གྱི་གྲངས་ཚང་བའི་སྒོ་ནས་རྩེད་སྟངས་ཤིག་ཡོད་པ་དང་། མདའ་རྩེད་རྩེད་སྐོར། རྨོག་རྩེད་རྩེད་སྐོར། ཁྲབ་བདུད་རྩེད་སྐོར། དགྲ་མནན་རྩེད་སྐོར། ཁེར་རྩེད་རྩེད་སྐོར། བསྐུམ་བཙོག་བྱས་ནས་རྩེད་སྟངས་ཤིག ཀླུ་རོལ་རྩེད་སྟངས། སྦྲུལ་ནག་འཁྱུག་བགྲོད་བྱས་ནས་རྩེད་སྟངས་ཤིག ལྷ་ཕྲུག་སློང་བའི་རྩེད་སྐོར། རྨ་ཆེན་རྩེ་མོ་ཞེས་དཀྱིལ་ནས་བསང་ཆེན་བཀྱགས་ཏེ་ཕྱོགས་བཞི་ནས་རྩེ་བའི་རྩེད་སྐོར་ཞིག ལྷ་ཕྲུག་ཕོ་མོ་ཞེས་དཀྱིལ་ནས་བསང་ཆེན་བཀྱགས་ཏེ་ཕྱོགས་བཞི་ནས་རྩེ་བའི་རྩེད་སྐོར་ཞིག ལྷ་ཕྲུག་ཕོ་མོ་ཚང་མ་མཉམ་དུ་རྩེ་བའི་རྩེད་སྐོར་ཞིག་ཡོད་པ་དེའི་སྐབས་སུ་ཕོ་མོ་གཉིས་ཀའི་གླུ་ལེན་གར་རྩེད་བྱས་ཏེ་རྩེད་སྟངས་ཤིག་ཡོད་པ་དེར་གླུ་གར་རྩེད་སྐོར་ཟེར། ལྷ་གཤེགས་གསོལ་ཞེས་ལྷ་རྩེད་མཇུག་བསྡུ་བའི་རྩེད་སྐོར་བཅས་ཡོད།

  ཤེས་གསལ་ལྟར་ན། གནའ་དུས་ལྷ་རྔའི་བྲོ་གར་ལ་ཁེར་རྡུང་དང་། ཉིས་རྡུང་། སུམ་རྡུང་། བཞི་རྡུང་སོགས་ནས་ཉི་ཤུ་རྩ་གཅིག་བར་དུ་རྡུང་སྲོལ་ཡོད་པ་དང་། རྩེད་སྲོལ་ལའང་གཤར་ནས་ལྡིང་བ་དང་། གོར་གོར་བྱས་ནས་ལྡིང་བ། མི་གཉིས་རེ་བྱས་ནས་ལག་གི་ལྷ་རྔ་སྐོར་ཞོར་དུ་ལྡིང་བ། ལྷ་རྔ་དགུང་ལ་བཏེགས་ནས་རྡུང་ལ་མར་མནན་ན་ལྷ་རྔའི་ཨ་ལུང་སྲིང་སྒྲ་འབྱིན་པར་དཀྲུགས་པ། རྐང་གཉིས་དང་ལུས་པོ་དགྱེ་སྒུར་ནི་རྔ་སྒྲ་དང་བསྟུན་ནས་རང་བཞིན་གྱིས་འདེགས་འཇོག་དགྱེ་སྒུར། རྐང་འདེགས་སྒུར་འཁོར། རྐང་རྡུང་དགྱེས་འཁོར་སོགས་གང་མང་ཡོད། དེར་མ་ཟད་ཨ་རིག་མ་སོགས་ཀྱི་གར་ཡང་སྐབས་སྐབས་སུ་འཁྲབ་སྟོན་བྱེད་བཞིན་མཆིས། དེང་འདིར་ལྷ་རྩེད་རིམ་པ་བཅུ་དྲུག་ནས་བཅུ་བདུན་ཙམ་ལས་མེད།

  དོམ་ལུང་ལྷ་རྒན་ལ་ལྷ་འབེབས་སྐབས་གཙོ་བོ་ཁྲི་ཀའི་ཡུལ་ལྷ། ཨ་མྱེས་གཉན་ཆེན། ཆོས་སྐྱོང་དམ་ཅན་འབབ་པར་ཡང་བཤད། ཡུལ་སྐྱོང་སྙན་རི། ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་སྲས་པོ་རྨ་བཟང་སོགས་ཀྱང་འབབ། བཤད་སྲོལ་ལྟར་ན། མནན་པ་སོགས་ལ་ཨ་མྱེས་གཉན་ཆེན་འབབ། ནད་རིགས་དང་དང་ཁྱི་དུག་ལེན་པ་སོགས་ལ་ཁྲི་ཀའི་ཡུལ་ལྷ་འབབ། སྒྲུང་ལྷ་འབེབས་ན་དཔའ་ཀོང་བ་དགྲ་བཙན་ཐར་ཡག་དང་དཔའ་དར་འཕེན་དུག་གི་སྡོང་བོ་འབབ། ལྷ་རྩེད་སྐབས་སུ་རྨ་ཆེན་སྲས་པོ་རྨ་བཟང་གི་ནང་བློན་ཤན་པ་དགྲ་འཇོམས་གཙོ་བོར་འཁྲབ།

  ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་འོད་ཟེར་གངས་ལྗོངས་ཧྲིལ་བོ་འཕྲོས་པའི་དུས་འདིར། འབྲེལ་ཡོད་མགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་སྡེ་བའི་རྩ་འཛུགས། རྒན་པ་བསམ་ཤེས་དང་ལྷ་ཕྲུག་རྒན་པ་དག་གིས་འབད་བརྩོན་བསྟུན། ང་ཚོ་དང་རིང་དུ་གྱེས་བཞིན་པའི་རྩེ་ཁོག་དོམ་ལུང་སྡེ་བའི་ལྷ་རྩེད་ཀྱང་སླར་གསོ་བྱས་ཏེ་ལྷ་རྩེད་རྩེད་སྟངས་དང་ལྷ་ཕྲུག་གསོ་སྐྱོང་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། མུ་མཐུད་དུ་རིག་གནས་རྩ་ཆེན་འདི་ཡང་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་སྟེ་རྩེ་ཁོག་དམངས་སྲོལ་རིག་གནས་ཁྲོད་ཚབ་མཚོན་དུ་རུང་བའི་རྩེ་ཁོག་གཟུགས་འདས་ཤུལ་བཞག་རིག་གནས་ཆས་རྟགས་སུ་བསྐྲུན་པར་བརྩོན་བཞིན་ཡོད། །


ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།