བོད་ཀྱི་གོས་སྐུ་མཐོང་བ་ཀུན་སྨོན།
2019.03.20 ཁུངས། ཀློག་གྲངས། 112

བོད་ས་མཐོའི་དགོན་སྡེ་མང་པོས་དམིགས་བསལ་གྱི་མཛད་སྒོའི་སྐབས་སུ་གོས་ཆེན་སྣ་ཚོགས་དྲས་དྲུབ་ཚོས་བསྒྲིགས་ཀྱིས་བཞེངས་པའི་གོས་སྐུའམ་ཞལ་ཐང་ཆེན་མོ་འགྲེམས་སྟོན་བྱས་ནས་བསྟན་པ་དར་བ་དང་སེམས་ཅན་བདེ་བའི་ཆོ་ག་སྒྲུབ་པ་དང་སྦྲགས་དད་ལྡན་མང་ཚོགས་ཚོའི་ཆོས་དད་ཀྱི་དགོས་མཁོ་སྐོང་གི་ཡོད་ལ་དེའི་སྒྱུ་རྩལ་རིན་ཐང་གིས་ཕྱོགས་བཞིའི་སྐུ་མགྲོན་རྣམས་ཡིད་དབང་རྦད་དེ་འཕྲོག་ནས་གངས་ལྗོངས་ས་མཐོའི་གནའ་ཉམས་དོད་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ཞལ་ཐང་རིག་གནས་ཀྱི་སྙན་པ་འཛམ་གླིང་ལ་གྲགས་པ་བྱེད་ཀྱི་ཡོད། ད་ཆ་འབྲས་སྤུངས་ཀྱི་གོས་སྐུ་ཆེན་མོ་སོགས་གོས་སྐུ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་འགྲེམས་པའི་རྫོགས་ལྡན་གྱི་ནམ་དུས་དེར་གོས་སྐུ་ཁ་ཤས་ཀྱི་ལོ་རྒྱུས་སམ་འབྱུང་ཁུངས་ལ་ཤེས་རྟོགས་རགས་ཙམ་བྱ་རྒྱུ་ནི་གནས་ལ་འཁེལ་བ་དང་དུས་ལ་བབ་པ་ཞིག་རེད།

འབྲས་སྤུངས་ཀྱི་གོས་སྐུ།

འབྲས་སྤུངས་ཀྱི་གོས་སྐུ་ཆེན་མོ་ནི་དང་ཐོག་འབྲས་སྤུངས་གདན་རབས་བརྒྱད་པ་འཇམ་དབྱངས་དགའ་བློའམ་རྗེ་ལེགས་པ་ཆོས་འབྱོར་བས་ཞལ་བཀོད་དང་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོའི་ཡང་ཚ་སྣེའུ་དཔོན་ངག་དབང་བསོད་ནམས་ལྷུན་པོ་དང་གཅུང་པོ་ངག་དབང་བསོད་ནམས་རྣམ་རྒྱལ་གྱིས་སྦྱིན་བདག་བྱས་ཏེ། བོད་རབ་བྱུང་བཅོ་བརྒྱད་པའི་ཆུ་གླང་ལོ་སྟེ་སྤྱི་ལོ1493ལོར་གོས་སྐུ་ཆེན་མོ་གསར་བཞེངས་ཀྱིས་གླང་ཆེན་སྣ་ཞགས་བརྐྱང་འདྲའི་ནུབ་རིའི་ལྡེབས་སུ་འགྲེམས་སྟོན་གནང་གི་ཡོད། ཕྱིས་རྒྱལ་དབང་ལྔ་པའི་སྐབས་ནས་དེ་དང་ཆབས་ཅིག་ཚོགས་ཆེན་ཞལ་ངོ་གསར་རྙིང་བརྗེས་ཏེ་རྒྱལ་བ་ལྔ་པའི་འབྲས་སྤུངས་བཅའ་ཡིག་ཆེན་མོ་ཡང་རྩིས་སྤྲོད་བྱེད་ཀྱི་ཡོད་པས་ད་ལྟའི་བར་ལོ་ངོ520ཙམ་གྱི་ལོ་རྒྱུས་ལྡན། ཚོད་དཔག་བྱས་ན་ད་ལྟའི་གོས་སྐུར་ཞེང་ཚད་སྨི33དང་མཐོ་ཚད་སྨི40ཡོད་ཅིང་། ཞིབ་ཕྲའི་འགྲེམས་ཐབས་ནི་ལོ་ལྟར་བོད་ཟླ་དྲུག་པའི་གནམ་གང་ཉིན་གྱི་ཞོགས་པ་རི་རྩེར་ཉི་ཟེར་ཕོག་སྐབས་དགེ་འདུན་པ་ཚོས་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ནས་སྤོས་སྣ་དང་བཅས་གོས་སྐུ་ཕྲག་སྟེང་དུ་གདན་ཞུ་བྱས་ཏེ་དགོན་པའི་ནུབ་ཕྱོགས་ཀྱི་གོང་གསལ་རི་བོའི་ཐོག་བཀྲམས་ནས་ཁྲུས་གསོལ་རབ་གནས་གནང་བ་དང་དད་ལྡན་པ་ཚོས་ཞལ་མཇལ་ཞུ་བ་དང་གཞས་ཕུད་འབུལ་བ་སོགས་བྱས་རྗེས་སླར་ཡང་ཚོགས་ཆེན་འདུ་ཁང་དུ་གདན་འདྲེན་ཞུ་བཞིན་ཡོད། འོན་ཀྱང་དེང་སང་འགྲེམས་པའི་གོས་སྐུ་དེ་ནི་ཕྱིས་སུ་བཞེངས་པ་ཞིག་ཡིན་པ་ལས་དང་ཐོག་གི་གོས་སྐུ་དེ་མིན་པར་གྲགས།

དགའ་ལྡན་སིའུ་ཐང་།

ལོ་རེའི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནི་དགའ་ལྡན་སིའུ་ཐང་འགྲེམས་པའི་དུས་ཆེན་ཡིན། དེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་སློབ་མ་སྙེ་ཐང་པ་ཨ་མོ་གྷ་དང་། བསོད་ནམས་ཤེས་རབ་གཉིས་ཀྱིས་ཏཱ་མིང་གོང་མ་ཡུང་ལོའི་སྲས་གོང་མ་ཟོན་ཏེའི་དབུ་བླ་མཛད་སྐབས་གོང་མས་གནང་བའི་གོས་ཆེན་སིའུ་སྟེ། རྒྱ་སྐད་དུ་ཤིའུ་ཞེས་ཕར་ཕྱིན་བརྒྱབ་པའི་དོན་ཡིན་ཞིང་། ཞལ་ཐང་ནི་ཐུབ་དབང་དང་། གནས་བརྟན་བཅུ་དྲུག རྒྱལ་ཆེན་རིགས་བཞི་སོགས་ཀྱི་སྐུ་བརྙན་འཁོད་པའི་ཐང་ག་ཉེར་གསུམ་འགྲེམས་སྟོན་གནང་གི་ཡོད། སིའུ་ཐང་འགྲེམས་ཉིན་ཡངས་པ་ཅན་གཙུག་ལག་ཁང་གི་རྩིག་ལྡེབས་སུ་གོས་སྐུ་དག་བཀྲམ་སྟེ་གྲྭ་དམངས་ནས་ཞལ་འདོན་གནང་བ་དང་། ལ་མོའི་ལྷ་མོ་བས་ལྷ་མོ་འཁྲབ་པ་སོགས་བྱེད་པ་དང་། ལྷ་ས་སོགས་ནས་དད་ལྡན་པ་མང་པོ་མཇལ་ཁ་ཞུ་བར་ཡོང་གི་ཡོད།

བཀྲ་ཤིས་ལྷུན་པོ་དགོན་གྱི་གོས་སྐུ། 

འདི་ལོའི་སྤྱི་ཟླ7པའི་ཚེས1ཉིན་ནི་བོད་ཟླ5པའི་ཚེས14ཡིན་པ་དང་དེ་ཉིན་བཀྲ་ཤིས་ལྷུན་པོ་དགོན་པས་འཆར་ཅན་ལྟར་གོས་སྐུ་བཀྲམས་ནས་སྐྱེ་བོ་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད། དེ་ཉིན་བཀྲམས་པའི་གོས་སྐུ་ནི་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ཡིན་པ་དང་གོས་སྐུའི་ཞེང་ཚད་ལ་སྨི25དང་མཐོ་ཚད་ལ་སྨི35ཡོད་པ་དེ་ནི་དུས་རབས་གོང་མའི་ལོ་རབས90པར་བཞེངས་པ་ཞིག་ཡིན། ད་དུང་ཟླ7པའི་ཚེས2དང3ཉིན་སྟོན་པ་ཤཱཀྱ་ཐུབ་པ་དང་རྒྱལ་བ་བྱམས་པའི་གོས་སྐུ་བཀྲམས་ཡོད་ཅིང་། ལོ་རྒྱུས་ཐོག་བཀྲ་ཤིས་ལྷུན་པོ་དགོན་པས་ལོ་ལྟར་བོད་ཟླ་ལྔ་པའི་ཚེས14ནས16བར་གོས་སྐུ་འགྲེམས་ཀྱི་ཡོད་པ་དང་ད་བར་ལོ500ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད།

མཚུར་ཕུའི་གོས་སྐུ།

མཚུར་ཕུའི་གོས་སྐུ་ནི་ཀརྨ་པ་སྐུ་ཕྲེང་བཅུ་པའི་དུས་སུ་བཞེངས་པ་ཞིག་ཡིན་པས་ད་བར་མི་ལོ600ལྷག་གི་ལོ་རྒྱུས་ཡོད་ལ་མཚན་ལ་ཁམས་གསུམ་མཛེས་རྒྱན་ཟེར་ཞིང་། བོད་ལ་གོས་སྐུ་ཐོག་མར་བཞེངས་མཁན་ནི་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ཡིན་ཞིང་། གོས་སྐུ་འགྲེམས་པའི་དུས་ཚོད་ནི་བོད་ཟླ4པའི་ཚེས11ཉིན་ཡིན། སྐུ་བརྙན་གཙོ་བོ་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་། ཀརྨ་པ་དུས་གསུམ་མཁྱེན་པ། དེ་བཞིན་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་སོགས་སྐུ་བརྙན་མང་དག་ཅིག་ཡོད་ལ། ཚོད་དཔག་ལྟར་ན་རིང་ཚད་ལ་སྨི20དང་ཞེང་ཚད་ལ་སྨི15ཙམ་ཡོད་ལ་ད་ལྟའི་གོས་སྐུ་དེ་ནི་ཀརྨ་པ་སྐུ་ཕྲེང་བཅུ་པའི་དུས་སུ་བཞེངས་པ་ཞིག་ཡིན།

གོས་སྐུ་མཐོང་བ་དོན་ལྡན།

གོས་སྐུ་མཐོང་བ་དོན་ལྡན་ནི་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དགུང་ལོ་སུམ་ཅུ་པ་རབ་བྱུང་བདུན་པའི་ས་ཁྱི་ལོ་སྟེ། སྤྱི་ལོ1418ལོར་བཞེངས་པའི་གོས་སྐུ་ཆེན་མོ་ཞིག་ཡིན་ཞིང་། ཞལ་ཐང་དེའི་དབུས་སུ་བཞུགས་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུའི་མཐོ་ཚད་ཁོ་ནར་ཁྲུ་བརྒྱད་ཅུའམ་འདོམ་པ་ཉི་ཤུ་ཡོད་པ་དང་། ཐུབ་དབང་གི་མཐའ་འཁོར་དུ་མཆོག་ཟུང་གཉིས་དང་།  བྱམས་པ། མར་མེ་མཛད། གནས་བརྟན་བཅུ་དྲུག རྒྱལ་ཆེན་རྣམ་ཐོས་སྲས་བཅས་ཡོད་པའི་གོས་སྐུའི་མེ་ལོང་དང་གོང་གཤམ་བཅས་བསྡོམས་ན་རྩེ་ཁྲུ་བརྒྱ་དང་དགུ་བཅུ་གོ་དྲུག་སྟེ། སྤྱི་ཁྲེ་བརྒྱད་ཅུ་གྱ་བརྒྱད་དང་སྐར་མ་ཉི་ཤུ་ཡོད་པ་ནི་དེ་སྔ་བོད་ས་གནས་སུ་ཡོད་པའི་གོས་སྐུའི་ནང་ནས་ཆེ་ཤོས་ཡིན་པར་གྲགས་ཤིང་། རྒྱུ་ཆར་གོས་ཆེན་སྣ་ཚོགས་ཡུག་བརྒྱ་དང་ལྔ་བཅུ་ཙམ་སོང་ཡོད་པ་རེད།

པོ་ཏ་ལའི་གོས་སྐུ།

པོ་ཏ་ལའི་གོས་སྐུ་ནི་དང་ཐོག་བོད་ཟླ་གཉིས་པའི་གནམ་གང་ཉིན་རྒྱལ་བ་རིགས་ལྔའི་གཙོ་བོ་རྣམ་སྣང་གི་གོས་སྐུ་དཔངས་ལ་སོར་མོ་སྟོང་དང་ཉིས་བརྒྱ་དགུ་བཅུ་གོ་དགུ་ཡོད་པ་དེ་དང་རྒྱལ་བ་འོད་དཔག་མེད་ཀྱི་གོས་སྐུ་ཆེན་མོ་སོར་མོ་ཉིས་སྟོང་ལྔ་བརྒྱ་གོ་བརྒྱད་ཡོད་པ་དེ་གཉིས་གྲུ་འཛིན་གཉིས་པའི་ཕོ་བྲང་གི་རྩིག་ངོས་སུ་ཞལ་ཕྱེ་ནས་མཆོད་འབུལ་ཞུ་གི་ཡོད། དེ་ཉིན་ནི་ལོ་རྒྱུས་ཐོག་སྐད་གྲགས་ཆོད་པའི་ཚོགས་མཆོད་གསེར་སྦྲེང་ཞེས་པའི་མཛད་སྒོའི་ཉིན་མོ་ཡིན་ཞིང་། ལྷ་ལྡན་གཙུག་ལག་ཁང་ནས་གསེར་སྦྲེང་གི་རུ་ཐོག་མར་སྒྲིག་ནས་ཞོལ་རྡོ་རིང་སྒང་དུ་སླེབས་རྗེས་འདོན་དབྱངས་དང་མཆོད་གར་འཁྲབ་པ་དང་རྔ་བོ་ཆེ་དང་དུང་རྒྱ་གླིང་སོགས་གཏོང་བཞིན་མདུན་དུ་སྐྱོད་ནས་གོས་སྐུར་སྙན་ཤལ་ཕུལ་རྗེས་རིམ་བཞིན་རྩེ་ཕོ་བྲང་རྒྱབ་ཏུ་སྐྱོད་ནས་མཇུག་འགྲིལ་མཚམས་དགེ་འདུན་པ་རྣམས་ནས་གོས་སྐུར་རབ་གནས་དང་ཤིས་བརྗོད་ཟིན་འཕྲལ་གོས་སྐུ་སྒྲིལ་གྱི་ཡོད། འོན་ཀྱང་ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སྐབས་གོས་སྐུ་གསར་བཞེངས་གནང་སྐབས་ཇེ་ཆེར་ཕྱིན་ཡོད་ལ་ཉེ་རབས་སུ་འགྲེམས་པའི་གོས་སྐུ་ནི་སྤྱིར་ན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་བཞེངས་པ་དེ་གཙོ་བོར་འགྲེམས་ཀྱི་ཡོད། ད་དུང་གོས་སྐུ་འགྲེམས་པའི་དུས་ཚོད་ལའང་འགྱུར་ལྡོག་བྱུང་ནས་ཞོ་སྟོན་གྱི་སྐབས་སུ་འགྲེམས་པ་དང་དེང་སང་འགྲེམས་སྲོལ་ཆེར་མེད་རུང་རྩེ་ཕོ་བྲང་ཉམས་གསོ་ཞུ་བའི་འགོ་ཚུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོར་བཀྲམས་འདུག

བོད་དུ་ད་དུང་བོད་ཟླ་དྲུག་པའི་གནམ་གང་ཉིན་སེ་ར་ཞོ་སྟོན་ཞེས་སེ་ར་དགོན་པའི་ཚོགས་ཆེན་རབ་གསལ་སྟེང་ནས་གོས་སྐུ་གླིང་གསུམ་མ་དེ་འགྲེམས་ཀྱི་ཡོད་པ་དང་། དེ་མིན་བོད་ཀྱི་ས་ཕྱོགས་ཁག་གི་དགོན་སྡེ་ཆེ་ཆུང་མང་པོས་རང་རང་གི་གོས་སྐུ་འགྲེམས་སྲོལ་ཡོད་ལ་དད་ལྡན་མང་ཚོགས་ཚོས་ཀྱང་ལྟད་མོ་ལྟ་བ་དང་བྱིན་རླབས་ཞུས་ནས་རང་ཉིད་ཀྱི་གེགས་བར་སེལ་བ་དང་བསམ་དོན་སྒྲུབ་རེ་བྱེད་ཀྱི་ཡོད།

བླ་བྲང་དགོན་པའི་རྒྱ་ལོའི་སྨོན་ལམ་སྐབས་ཀྱི་གོས་སྐུ་ཆེན་མོ།

དུས་ཆེན་གྱི་གཟབ་འཆོར་ལེགས་པར་སྤྲས་པའི་རྟ་ཞོན་རུ་ཁག་གིས་གོས་སྐུ་ཆེན་མོ་བཤམས་པའི་ཡུལ་དངོས་སུ་ལམ་སྣ་འདྲེན་པའི་ཚུལ་ཡིན་པ། རྒྱ་ལོའི་ཚེས་བཅུ་གསུམ་ཉིན་ནི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གོས་སྐུ་བཤམས་པའི་ཉིན་མོ་ཡིན་ལ། ཉིན་དེར་དད་ལྡན་པ་དང་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་པ་ཁྲི10ལྷག་བླ་བྲང་དུ་འཛོམས་ཡོད།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།