མཚོ་སྔོན་པོ་རྐང་ཚའི་འབྲོག་སྟོན།
2019.03.20 ཁུངས། ཀློག་གྲངས། 398


      གཉེན་སྟོན་ནི་གནའ་ནས་བཟུང་དར་ཡོང་བའི་བོད་རང་གི་དམངས་སྲོལ་དྲི་མ་མེད་པ་ཞིག་ཡིན་ལ་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་མེད་ཐབས་མེད་པའི་སྲོལ་རྒྱུན་གྱི་བྱེད་སྒོ་གལ་ཆེན་ཞིག་ཀྱང་ཡིན། 

གྲལ་སྒྲིག་པའི་སྨན་ཤར་གྱི་ཚོགས།

གནའ་སྔ་མོའི་དུས་སུ་མོ་རྩིས་ལུང་བསྟན་གྱིས་གཙོར་བཟུང་ནས་བུ་དང་བུ་མོར་བྱ་དོན་དག་བཅའ་སྲོལ་ཡོད་པ་དང་དེ་ཡང་དྲང་མོར་བཤད་ན་ཕ་མ་རང་ཉིད་ཀྱི་འདོད་བློ་ཤུགས་དྲག་བྱས་པ་ལས་བུ་བུ་མོས་རང་དབང་རང་འཐད་ཀྱི་གཉེན་སྒྲིག་པ་ཞིག་མིན་པར་མ་ཟད། བུ་མོའི་རིན་ལའང་རྟ་ནོར་ལུག་གསུམ་སོགས་རྒྱུ་ནོར་འབོར་ཆེན་ལེན་སྲོལ་ཡོད་པས་ཁྱིམ་གྱི་འབྱོར་བ་དེ་འདྲའི་མི་བཟང་བའི་ཁྱིམ་ཚང་ལ་མཚོན་ན་ལུག་ལྷས་སུ་བལ་ཞིག་འཕངས་རྗེས་ལུག་ཚང་མ་བག་མའི་རིན་ལ་དེད་འགྲོ་བའང་ཡོད་ཕྱིར། ཁྱིམ་ཚང་གི་དཔལ་འབྱོར་ཕྱོགས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་བཞིན་ཡོད། སྤྱི་ཚོགས་འགྱུར་བ་དང་བསྟུན་ནས་དེང་སང་ལྟ་བུར་མཚོན་ན། གཉེན་སྒྲིག་རང་དབང་དང་སྟབས་བདེ་ཅན་དུ་གྱུར་ཡོད་པས།  བཅུ་དྲུག་ལང་ཚོ་དར་ལ་བབ་པའི་ན་གཞོན་ཕོ་མོ་ཟུང་གིས་རང་བློ་མཐུན་པའི་སེམས་ཀྱི་མི་དང་ལམ་གཅིག་ལ་གོམ་པ་སྤོས་ནས་ཁྱིམ་གཅིག་ལ་སྨོན་ལམ་གདབ་ཆོག་པ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་འོད་སྣང་ཕྱོགས་མེད་དུ་ཀྲུང་ཧྭ་མི་རིགས་ཀྱི་ས་གཞི་ཀུན་ལ་འཕྲོས་པའི་སྐུ་དྲིན་ག་ལ་མིན།

ཁ་བཏགས་ཀྱི་སྨོན་འདུན་ཁྱེར་ནས་ཡོང་བའི་སྟོན་འཛིན་པ།

སྤྱིར་ས་ཆ་རེ་ལ་སྲོལ་རེ་དང་ལུང་པ་རེ་ལ་ཆུ་རེ་ཞེས་པའི་དཔེ་བཞིན། མདོ་དབུས་ཁམས་གསུམ་དང་རོང་འབྲོག་གཉིས་ཀྱི་ཆ་ལུགས་དཔེ་འཇོག་མི་གཅིག་པ་མང་ནའང་མཚོ་སྔོན་པོ་རྐང་ཚའི་འབྲོག་སྡེའི་གཉེན་སྟོན་གྱི་ཆོ་ག་ནི་བུ་དང་བུ་མོའི་ལང་ཚོ་དར་ལ་བབ་ནས་སེམས་སུ་མི་ཡོད་ཚེ་རང་གི་ནང་མི་དང་རྣམ་འགྱུར་བསྟན་དུས། ཐོག་མར་གཉེན་སློང་གི་བར་བ་ཨ་ཞང་ཚང་དུ་གཉེན་སློང་ལ་འགྲོ་བ་དང་ཨ་ཞང་ཚང་གིས་ཁ་ལོག་སྐོར་ལོག་མ་བྱས་པར་བུ་མོ་བྱིན་པ་ཡིན་ན། དེའི་རྗེས་གཉེན་ཆང་སྐྱེལ་བ་ཡིན། གཉེན་ཆང་བསྐྱལ་ནས་ཡོང་བའི་ཉིན་མོར་བུ་མོའི་གྱོན་གོས་རྒྱན་གསུམ་གཏན་ལ་ཕབ་པ་དང་ཉིན་བཟང་སྐར་བཟང་ཞིག་བདམས་ནས་བག་མ་སྐྱེལ་བའི་ཉིན་མོ་སྟེ། གཉེན་སྟོན་ཉིན་མོ་གཏན་འཁེལ་བྱས་ནས། ཨ་ཞང་ཚང་གིས་བག་མ་བསྐྱལ་ནས་གཉེན་ཚང་ལ་ཡོང་བ་ཡིན།

འཛུམ་དཀར་གྱི་ཚེམས་ཕྲེང་ངོམ་པའི་སྟོན་འཛིན་པ།

གཉེན་ཚང་གི་ཁྱིམ་བདག་གིས་ནངས་སྔ་མོའི་སྐྱ་རེངས་དང་བོ་དང་ལྷན་དུ་ལྷ་བསང་དཀར་པོ་དགུང་དུ་མཉམ་པ་ཞིག་བཏང་ནས་བུ་དང་མནའ་མའི་མི་ཚེར་བདེ་སྐྱིད་ལྡན་ཞིང་འཚོ་བ་ལེགས་ཚོགས་ཡོང་བའི་སྨོན་འདུན་ལྷ་ལ་སྐྱབས་བཅོལ་ཞིང་འཕྲིན་ལས་སྲུང་མར་གཏད་ངེས་ཡིན།

སྟག་དམར་ཡག་གི་འཛུམ་དྲུག་རྒྱས་འདྲའི་ཨ་ཞང་ཚང་།

དེའི་རྗེས་ཨ་ཞང་ཚང་མ་ཐོན་པའི་སྔོན་ལ་སྲིད་པ་བོད་ཀྱི་ཁ་དཔེ་ལྟར་མིག་མཐོང་གང་གིས་བསུ་བ་ཟེར་བ་ལྟར་ཨ་ཞང་ཚང་གི་སྔོན་དུ་སོང་ནས་དྲི་སྐོར་བརྒྱ་དང་བཅུ་གསུམ་ཞེས་པའི་དཔེ་བཞིན་ཨ་ཞང་བསུ་བའི་མཆོད་ཁ་ཐེངས་གསུམ་ལ་འཕེན་དགོས།

བྱ་རྨ་བྱའི་སྒྲོ་གུར་ཕུབ་འདྲའི་བག་མ།

མཆོད་ཁ་འཕངས་རྗེས་གཉེན་ཚང་གི་རྟ་བ་རྣམས་སྔོན་དུ་རྒྱུགས་ནས་འགྲོ་བ་དང་ཨ་ཞང་དང་བག་མ་རྗེས་ནས་དལ་བུར་བསྐྱོད་པ་ཡིན། ཡང་སྐབས་ལན་རེར་ཨ་ཞང་ཚང་དང་གཉེན་ཚང་གི་རྟ་ཁ་རྩོད་པ་ཞེས་རྟ་གང་མགྱོགས་དང་བུ་གང་ངར་དག་སུ་སྔོན་དུ་ཐོན་པར་འགྲན་པའང་ཡོད། གལ་ཏེ་ཨ་ཞང་ཚང་གི་རྟ་ཁ་གཉེན་ཚང་གིས་མ་ལོན་པར་ཨ་ཞང་ཚང་སྔོན་ལ་ཐོན་ནས་རྟ་རང་ཉིད་ཀྱིས་བཏགས་པ་ཡིན་ན་ཉིན་དེར་གཉེན་ཚང་གི་ལ་རྒྱ་ཤོར་སོང་བའི་ཚུལ་བཤད། ཡང་སྡེ་བ་ལ་ལ་ན་འབབ་རྟེན་བཞག་ནས་རྩེད་མོའི་ཚུལ་གྱིས་ཕན་ཚུན་ལ་ལ་རྒྱ་འགྲན་རེས་བྱེད་པའང་ཡོད། འོན་ཀྱང་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ད་སྐབས་སྲོལ་འདི་དག་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་འདུག

སྙན་མོ་ངག་གི་འགྱུར་ཁུགས་ཁྲོད་ནས་ཨ་ཞང་བསུ་བ།

དེ་ལྟར་ཨ་ཞང་ཚང་ཁྱིམ་ལ་འཛུལ་སྐབས་མ་སྲུ་ཚོས་ཁྲུས་ཆུ་ཡིན་ཞེས་ཨ་ཞང་ཚང་གི་སྟེང་ལ་ཆུ་དཀར་ནག་གཉིས་གཏོར་སྲོལ་ཡོད་ལ། ཨ་ཞང་ཚང་གིས་ཀྱང་ཆུ་དར་ཟེར་བའི་གོས་ཕྲུག་སོགས་ཆ་རྐྱེན་ལྟར་མ་སྲུ་ལ་སྟེར་དགོས་པ་ཡིན། ཆུ་དར་མ་བྱིན་ཚེ། མ་སྲུ་ཚོས་ཆུ་མང་བོ་གཏོར་ནས་ཨ་ཞང་ཚང་གི་གྱོན་པ་བརླན་པར་བྱ་ངེས་ཡིན།

ཁྲོམ་ན་ཟླ་ཡག་གི་གཞི་དཀྱིལ།

ཁྱིམ་དུ་བསླེབས་རྗེས་ཐོག་མར་ཨ་ཞང་ཚང་ལ་ཆང་དང་ཇ་མཆོད་རྗེས་རྟེན་འབྲེལ་གྱི་གླུ་སྒོ་ཕྱེ་བ་ཡིན། དེའི་རྗེས་མ་སྲུ་ཁ་བདེ་ཞིག་གིས་ཨ་ཞང་ཚང་ལ་བག་རས་སམ་བོད་རས་སློང་བ་ཡིན། བག་རས་སློང་སྐབས་མ་སྲུ་དང་ཨ་ཞང་ཚང་གིས་ཕན་ཚུན་ལ་གཏམ་མང་བོ་ཕར་བཤད་ཚུར་བཤད་བྱས་ནས་ཁྲོམ་པ་ཡོངས་ལ་གད་མོ་སློང་ངེས་ཡིན་ཞིང་མཇུག་མཐར་ཨ་ཞང་ཚང་གིས་མ་སྲུ་ཚོ་ལ་བག་རས་སྟེར་བ་ཡིན།

དེ་ནས་གླུ་ཁ་མཚར་དང་སྲིད་པའི་ཤགས་ནག བ་ཆུང་ཁྲ་མོ། རི་གླུ་སོགས་བླངས་ནས་གྲལ་དེར་ཡོད་ཀྱི་བདག་གཞི་མགྲོན་ཚང་མ་སྤྲོ་བའི་བཟི་བར་བྱེད་ངེས་ཡིན།

དེའི་རྗེས་ཨ་ཞང་ཚང་གིས་བུ་མོ་བཅོལ་དམ་བྱེད་པ་དང་གཉེན་ཚང་གིས་ཨ་ཞང་ཚང་ལ་ལག་འཇོག་སྟེར་བ་དང་མཇུག་མཐར་བཀྲ་ཤིས་བཞག་ནས་སྟོན་མོ་གྲོལ་བ་ཡིན།


ཡོང་ཁུངས།  ཨ་མདོ་སྨྱན་གསར།