གྲོ་སོ་ཕྱེ་མར།
2019.03.20 ཁུངས། ཀློག་གྲངས། 235

ངོ་སྤྲོད་མདོར་བསྡུས།

བོད་ཀྱི་གྲོ་སོ་ཕྱེ་མར་ནི། བོད་དུ་ལོ་གསར་སོགས་དུས་སྟོན་གྱི་རྟེན་འབྲེལ་བྱེད་སྒོའི་སྐབས་སུ་སྒྲིག་གཤོམ་བྱས་པའི་གྲོ་ཡོས་དང་ཕྱེ་མར་འབོ་གཞོང་དུ་བླུགས་ནས་དེའི་ཐོག་ཏུ་གྲོ་སྙེ་དང་མེ་ཏོག་སོགས་བཙུགས་ཏེ། མགྲོན་པོ་ཕེབས་དུས་དེར་ཕུལ་ནས་དགའ་བསུ་སྣེ་ལེན་ཞུ་བྱེད་ཅིག་ཡིན།  སངས་རྒྱས་ཆོས་ལུགས་བོད་ལ་མ་དར་བའི་ཡར་སྔོན་ཞིག་ནས། བོན་གྱི་ལྷ་གསོལ་གཡང་འགུགས་ལ་སོགས་པའི་ཆོས་ལུགས་བྱེད་སྒོ་དང་འབྲེལ་བའི་ཡུལ་སྲོལ་ཞིག་ཡིན་ཚུལ་གསུངས་པར་གཞིགས་ན། སྲོལ་འདི་བོད་ཁམས་ཡོངས་ལ་དར་བའི་ལོ་རྒྱུས་ཧ་ཅང་རིང་བ་ཤེས་ཐུབ། ཕྱིས་སུ་བན་བོན་གཉིས་གའི་ཆོས་ལུགས་ཀྱི་ཤུགས་རྐྱེན་དང་། བོད་རང་གི་དགའ་མོས་ཀྱི་དབང་གིས། འདིར་ནང་དོན་དང་རྣམ་པའི་ཐད་ནས། བསྟུད་མར་འཕོ་འགྱུར་བྱུང་དང་འབྱུང་བཞིན་ཡོད་དོ།།

འཕེལ་རིམ།

འདི་ལ་ཧ་ལམ་འཕེལ་རིམ་བཞི་རུ་བགོས་ཆོག་སྟེ། འཕེལ་རིམ་དང་པོར། ཁྱབ་རྒྱ་ཆེ་ཡང་གཟབ་རྒྱས་མིན་པའི་སྒོ་ནས།  གྲོ་ནས་ཀྱི་སྙེ་མ་ཆུན་པོར་བསྡམས་ནས་སྟབས་བདེའི་ཆོ་ག་ཞིག་སྤེལ་བར་བྱེད།

འཕེལ་རིམ་གཉིས་པར། འབོ་གཞོང་གཉིས་སུ་སོ་སོར་གྲོ་ཡོས་དང་རྩམ་པ་གང་རེ་བླུགས་རྗེས། གྲོ་གཞོང་གི་ཁར་ཚྭ་རྡོག་སྤར་གང་གཏོར་བར་བྱེད་ཅིང་། རྩམ་གཞོང་གི་ཁར་མར་ལེབ་སོགས་ཀྱི་རྒྱན་རིས་བཀོད་ནས་རྟེན་འབྲེལ་ཞུ་བར་བྱེད།

འཕེལ་རིམ་གསུམ་པར། འབོ་གཞོང་གཉིས་གཅིག་ཏུ་སྦྲེལ་ཏེ། ངོས་བཞི་ལ་བཀྲ་ཤིས་རྫས་བརྒྱད་དང་། བཀྲ་ཤིས་རྟགས་བརྒྱད། ནོར་བུ་ཆ་བདུན། ནོར་བུ་འབར་བ། ནོར་བུ་དགའ་འཁྱིལ། གཡུང་དྲུང་སོགས་བྲིས་ནས་མཛེས་པར་བྱས་རྗེས། གཡས་གཞོང་ལ་གྲོ་ཡོས་དང་གཡོན་གཞོང་ལ་རྩམ་པ་སོ་སོར་བྱུར་ཁེངས་རེ་བླུགས་པའི་སྟེང་དུ། མཐུན་པ་སྤུན་བཞི་དང་།  མི་མཐུན་ཕྱོགས་རྒྱལ། ཚེ་རིང་རྣམ་དྲུག བཀྲ་ཤིས་འབུམ་གཟུགས། དེ་བཞིན་དུ་མེ་ཏོག་དང་ཉི་ཟླ་མེ་རི་སོགས་མར་ཚོན་གྱིས་བརྒྱན་པའི་ཤིང་བྱང་དུ་མ་དང་གྲོ་སྙེ་བཙུགས་རྗེས། དེའི་མཐའ་སྐོར་དུ་ད་དུང་ཚོན་རིས་སྣ་ཚོགས་ཀྱིས་མཛེས་པར་བཞེངས་པའི་གཟུགས་བརྙན་འདྲ་མིན་གྱིས་ཀྱང་བརྒྱན་པ་བཅས་ལ་བརྟེན་ནས་རྟེན་འབྲེལ་ཞུ་བར་བྱེད།

འཕེལ་རིམ་བཞི་བར། སྤྱོད་སྟབས་བདེ་བའི་འབོ་གཞོང་དུ་གྲོ་ཡོས་དང་ཕྱེ་མར་བླུགས་པའི་ཁར། ཤིས་མཚོན་རི་མོ་བྲིས་པའི་ཤིང་བྱང་བཙུགས་ཐོག མར་ལེབ་ཀྱི་ཚོན་ལྡན་རྒྱན་རིས་གང་འཚམ་གྱིས་ཟུར་བརྒྱན་ཏེ་རྟེན་འབྲེལ་ཞུ་བར་བྱེད་པ་བཅས་སོ།།

དེ་ཡང་གྲོ་སོ་ཕྱེ་མར་གྱི་མཚོན་དོན་ནི་འདི་ལྟ་སྟེ། གྲོ་སོ་དང་རྩམ་པ། གྲོ་ཡོས་བཅས་ཀྱིས་ཞིང་ལས་མཚོན་པར་བྱེད་པ་དང་། ཚོན་མདངས་འདྲ་མིན་གྱིས་མཛེས་པར་བརྒྱན་པའི་མར་རྒྱན་སྣ་ཚོགས་ཀྱིས་ཕྱུགས་ལས་མཚོན་པར་བྱེད་པ་ཡིན། འདིའི་རྩ་བ་དེ་འདྲ་ཞིག་ལ་ཐུག་ཡོད་པའི་རྒྱུ་མཚན་གྱིས། བོད་སྔ་རབས་པའི་དུས་ནས་ད་ལྟའི་བར་དུ། བོད་རིགས་མི་དམངས་ཀྱིས་འབྲུ་ཟན་སྣ་ལྔ་དང་། དཀར་གསུམ་སོགས་རང་གི་ཞིང་ཕྱུགས་ཐོན་རྫས་སམ། མངར་གསུམ་སོགས་ཟས་རིགས་སྤྱིའི་ཕུད་མགོ་བླངས་ནས། དཀར་ཕྱོགས་ཀྱི་ལྷ་ཀླུ་མི་གསུམ་སྤྱི་དང་མགྲོན་པོ་དག་མཆོད་ཅིང་བཀུར་བར་བྱེད་དོ།། འདིའི་ཐོག་ནས་བོད་རིགས་མི་དམངས་ནི་རང་གི་ངལ་རྩོལ་འབྲས་བུ་ལ་གཅེས་སྤྲས་བྱེད་མཁན་ཞིག་ཡིན་པའི་ཐོག་མགྲོན་ལ་བརྩི་མཐོང་ཆེ་བ་ཞིག་ཀྱང་ཡིན་པའི་མི་རིགས་ཀྱི་གཤིས་རྒྱུད་བཟང་བོ་དེ་མངོན་པར་མཚོན་གྱི་ཡོད་དོ།།

ཡོང་ཁུངས། ཡོངས་འཛིན་དྲ་བ།