ལང་ཚོ་རྟག་བརྟན་གྱི་རྒྱན་དྲུག་མཆོག་གཉིས། འཇུ་རབ་གསལ་གྱི་རྟོག་རིས།
2019.03.20 ཁུངས། ཀློག་གྲངས། 187

འཇུ་རབ་གསལ་གྱི་ཐང་གའི་རྟོག་རིས་བརྩམས་ཆོས།

སྟོན་པ་བཅོམ་ལྡན་འདས་དང་བསྟན་པའི་ཤིང་རྟའི་སྲོལ་འབྱེད་རྣམ་གཉིས། 

སངས་རྒྱས་ཤཱཀྱ་ཐུབ་པ།

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི༎ 

སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ༎

རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི༎

ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ༎

མགོན་པོ་ཀླུ་སྒྲུབ།

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན༎

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ༎

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ༎

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས༎

རྒྱལ་སྲས་འཕགས་པ་ལྷ།

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན༎

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ༎

རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས༎

འཕགས་པ་ཐོགས་མེད།

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན༎

ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་༎

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ༎

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས༎

སློབ་དཔོན་དབྱིག་གཉེན།

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས༎

བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ༎

ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །

སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས༎

སློབ་དཔོན་ཕྱོགས་ཀྱི་གླང་པོ།

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས༎

སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེས་ནས༎

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ༎

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས༎

དཔལ་ལྡན་ཆོས་ཀྱི་གྲགས་པ།

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་༎

མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས༎

ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོགས་མཁས་པའི༎

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས༎

སློབ་དཔོན་ཡོན་ཏན་འོད།

འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས༎

ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར།།

མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ༎

ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས༎

སློབ་དཔོན་ཤཱཀྱ་འོད།

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་།།

འདུལ་བསྟན་དྲི་མེད་རིང་ལུགས་སྤེལ་བའི་སླད༎

རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག།

ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས༎

ཡོང་ཁུངས། འོད་རབ་གསལ་མཛེས་རྩལ་སྤྱི་སྟེགས།