བདུད་ལྷ་རྒྱལ་གྱིས་རྩོམ་རིག་གསར་རྩོམ་སྐོར་གླེང་བ།
2019.06.03 ཁུངས། ཀློག་གྲངས། 15850

ཟུར་བཀོད།  གཅིག

དཔེ་འཕྲིན་གསར་བ།

1.ཨ་མདོ་བརྙན་འཕྲིན་གྱི་མདོ་འཛིན་པ་ལྷ་དཔལ་གྱིས་རྩོམ་སྒྲིག་བྱས་པའི《བགྲོ་གླེང་མུ་ཏིག་ཆུན་པོ 》ཞེས་པ་ཟླ་ལྔ་བའི་ཟླ་དཀྱིལ་དུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

2.ཟླ་ལྔ་བའི་ཟླ་མཇུག་ཏུ།  རྩེ་ཁོག་རྫོང་དམངས་ཁྲོད་རིག་གནས་དཔེ་ཚོགས་དཔྱད་ཞིབ་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་།  ཚོགས་ཐོག་ཏུ་རྩེ་ཁོག་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་ས་གནས་ཆེད་མཁས་པ་གདན་ཞུ་བྱས་ནས།  དཔེ་ཚོགས་ཀྱི་ནང་དོན་དང་སྒྲིག་གཞི།  པར་ངོས་ཇུས་འགོད་སོགས་ཀྱི་ཐད་ལ་བགྲོ་གླེང་གནང་། 


ཟུར་བཀོད།  གཉིས།

དཔེ་ཀློག་དང་འབྲེལ་བའི་གཏམ་རྒྱུད།

1.འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དགུང་ལོ་བཅུ་དགུ་པ་ལ་བབ་པ་ན་མདོ་ཁམས་ཕྱོགས་སུ་འགྲོ་བའི་ཚོང་པ་དང་འགྲོགས་ཏེ་མདོ་ཁམས་ལྡན་མའི་ཡུལ་དུ་བྱོན་ནས་བླ་མ་སེ་བཙུན་པར་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ། བླ་མ་སེ་བཙུན་གྱི་ནང་གི་ཞབས་ཏོག་ཕྱེ་འཐག་པ་ཡན་ཆོད་དང༌། ཕྱི་རོལ་ཏུ་རྟ་ཕྱུགས་མང་པོ་ཡོད་པས་ཉིན་པར་དེ་རྣམས་ཀྱི་རྫི་བོ་མཛད། ནུབ་མོ་རྟ་བཟང་ལ་ཞོན་འཁོར་གསུམ་ཚེར་མ་འདྲ་བ་བྱས་ཏེ་མེལ་ཚེ་མཛད། ཕྱེ་འཐག་པ་ན་དཔེ་ཆ་རང་ཐག་གི་སྟེང་དུ་བཞག་སྟེ་གཟིགས་པ་ལ་སོགས་པའི་སློབ་གཉེར་ལ་བརྩོན་པར་མཛད། ཕྱེ་བཏགས་པས་ཕྱག་མཐིལ་གླང་རྒན་གྱི་མཇིང་པ་ལྟར་སོང༌། དེ་བཞིན་ཉིན་རྒྱུན་ཕྱག་གིས་རྩམ་པ་འཐག་པ་དང་ཞབས་ཀྱིས་ཀོ་བ་མཉེད་པ། རྒྱབ་ལ་འོ་མ་དཀྲོག་པ། སྤྱན་གྱིས་དཔེ་ཆར་གཟིགས་པ་སོགས་བསམ་ཡུལ་ལས་འདས་པའི་སློབ་སྦྱོང་ལ་བརྩོན་འགྲུས་དང་བླ་མའི་ཞབས་ཏོག་གནང་བས། ཕྱིས་སུ་བོད་ཁམས་སུ་སྙན་པའི་གྲགས་པའི་ཆེས་ཆེར་རྒྱས་པའི་མཁས་ཆེན་ཞིག་ཏུ་གྱུར།

2.ཐེངས་ཤིག་ལ་ལུའུ་ཞུན་གྱི་རྒྱུགས་འབྲས་ཧ་ཅང་ལེགས་པས།  སློབ་གྲྭས་གསེར་གྱི་རྟགས་མ་ཞིག་གནང་། ལུའུ་ཞུན་གྱིས་དེ་མ་ཐག་གསེར་གྱི་རྟགས་མ་བཙོང་ནས་དཔེ་ཆ་འགའ་དང་སུར་པན་ཁ་ཚ་མ་འགའ་ཉོས།  གྲང་ངར་ཆེ་བའི་མཚན་གཞུང་རེ་རེར་ཁོས་སུར་པན་ཁ་ཚ་མ་རེ་ཁ་ནང་ལ་བཞག་སྟེ་ལྡད་ནས་ལུས་པོ་ཚ་ལམ་ལམ་དུ་གྱུར་རྗེས་མུ་མཐུད་དུ་དཔེ་ཀློག་བྱས། དེ་ལྟར་དཀའ་སྡུག་གིས་དཔེ་ཀློག་བྱས་པས་མཐར་རང་རྒྱལ་གྱི་མིང་དུ་གྲགས་པའི་རྩོམ་པ་པོ་རུ་གྱུར།

3.སྐུ་ཞབས་ཁྲིན་ཡུས་ཆུང་ངུའི་དུས་སུ་དཔེ་ཀློག་ལ་ཧ་ཅང་མོས་མཁན་ཞིག་ཡིན།ཐེངས་ཤིག་ཁོ་རང་གཉེན་ཉེ་ཚང་ལ་མགྲོན་དུ་སོང་བ་ན།  རང་ཉིད་དགའ་སའི་དཔེ་དེབ་ཅིག་ཡོད་པ་མཐོང་བས་དེ་མ་ཐག་དཔེ་ཆ་ཀློག་ཞོར་ཟིན་བྲིས་འདེབ་མགོ་བརྩམས། ཁྱིམ་བདག་མས་ཁོའི་མདུན་ལ་གོར་སོབ་སྡེར་མ་གང་བཞག་པ་དང།   ཅུང་ཙམ་ནས་སླར་ཡང་ཐུག་པ་དཀར་ཡོལ་གང་ཁྱེར་ཡོང་དུས།  ཁྲིན་ཡུས་ཀྱི་ཁ་སྣག་ཚས་སྦག་ཡོད་པ་མཐོང་བས་ཚང་མ་གད་མོ་ཤོར།   དེ་རྗེས་ཁྲིན་ཡུས་ཀྱིས་སྣག་ཚ་ཅུང་ཙམ་ཟོས་ན་ག་ལ་སྐྱོན།  ངའི་ཁོག་པའི་ནང་ན་སྣག་ཚ་ཉུང་འདུག་ཅེས་བཤད།

4.ཀོར་ཅིས་ནི་དཔེ་དེབ་ལ་གཞན་དང་མི་མཚུངས་པའི་བརྩེ་བ་ཡོད་མཁན་ཞིག་ཡིན།   ཉིན་ཞིག་ཁོའི་ཁང་བར་མེ་སྐྱོན་ཤོར་བ་ན། ཁོས་དཔེ་དེབ་ཐེག་ཚད་ཅིག་ཁུར་ནས་སྒོའི་ཕྱིར་བྲོས།  རྗེས་སུ་མི་རྣམས་ཀྱིས་ཁོར་ཅིའི་ཕྱིར་དངོས་བོ་གཞན་དག་མི་སྐྱོབ་པར་དཔེ་ཆ་འཁྱེར་ཡོང་བ་ཡིན་ཞེས་དྲིས་པར།  ཁོས་དཔེ་དེབ་ཀྱིས་བདག་གི་བློ་སྒོ་ཕྱེས་པར་མ་ཟད།  དཔེ་དེབ་ཀྱིས་ང་རང་རྨོངས་བའི་འདམ་རྫིང་ལས་བསྐྱབས་པ་རེད།  གལ་ཏེ་དཔེ་དེབ་མེད་པ་ཡིན་ན་ང་རང་རྨོངས་པའི་འདམ་རྫིང་ལས་ཤི་ཚར་ཡོད།  དེ་བས་ངས་ཐོག་མར་དཔེ་དེབ་སྐྱོབ་དགོས་ཞེས་བཤད།

5.ཧན་རྒྱལ་རབས་ཀྱི་སྐབས་སུ་མིང་ལ་སུང་ཅིན་ཟེར་བའི་མི་ཞིག་ཡོད་པར་དཔེ་ཀློག་ལ་ཧ་ཅང་དགའ་མཁན་ཞིག་ཡིན།  མཚན་མོ་རེ་རེར་ཁོས་རང་གི་རལ་བའི་སྣེ་མོ་གདུང་མའི་སྟེང་ལ་བཏགས་ནས་དཔེ་ཀློག་བྱས།   དེ་ལྟར་མ་བྱས་ཚེ་ཁོ་རང་གཉིད་བབ་ནས་མགོ་བོ་སྨད་པར་གྱུར།   དེ་བཞིན་དུ་ཀྲན་གོའི་དུས་སྐབས་སུ་མིང་ལ་སུའུ་ཆིན་ཟེར་བའི་མི་ཞིག་ཡོད་པ་ཡང་དཔེ་ཀློག་ལ་ཧ་ཅང་དགའ། ཁོས་དཔེ་ཆ་ཀློག་སྐབས་གཉིད་འོང་ན་རང་གི་བརླ་ཐོག་ལ་ཁབ་ཀྱིས་གཙག་ནས་སང་པར་བྱས།  རྗེས་སུ་མི་རྣམས་ཀྱིས“རལ་བ་གདུང་མར་བཏགས་ནས་འཕོངས་ལ་ཁབ་ཀྱིས་བསྣུན་པའི”དཔེ་ཆོས་འདི་སྤྱད་ནས་སློབ་སྦྱོང་ལ་སྡུག་རུས་བྱེད་པའི་སྙིང་སྟོབས་མཚོན་པར་བྱས།