ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་།
2017.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་དགུ་བའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྥ་རན་སིའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། བདག་གིས་ཧན་པའོ་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་སྐུ་ཞབས་ཙུང་ཐུང་དང་ ཐུག་འཕྲད་བྱེད་སྐབས་ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་མུ་མཐུད་དུ་མཉམ་ལས་དམ་པོ་བྱེད་པ་དང་ཆུ་ཚད་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པར་མ་ཟད། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཧྥ་རན་སི་དང་ཡའོ་རོབ་གླིང་གིས་འཛམ་གླིང་གི་བརྟན་འཇགས་དང་དར་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་པར་མཐོང་ཆེན་བྱེད་པ་དང་། བདག་གིས་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་པར་གཟེངས་བསྟོད་བྱེད་པ་ཡིན་ཟེར།

མཱ་ཁི་ལུང་གིས་ཀྲུང་གོས་བསྡུས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞ་མིན་གྲོས་མོལ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པར་མ་ཟད། ཧྥ་རན་སི་དང་ཀྲུང་གོ་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་འོག་ཏུ་ཧྥ་རན་སི་དང་ཀྲུང་གོའི་མཉམ་ལས་ཀྱིས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་སྔར་ལས་གལ་ཆེ་ཞེས་བསྟན། ཧྥ་རན་སི་ཕྱོགས་ཀྱིས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་བཏོན་ཏེ། རྐྱེན་སྲོལ་རང་བཞིན་གྱི་གྲོས་མོལ་བཟང་བོར་བསྒྲུབ་པ་དང་། དཔལ་འབྱོར་དང་ཉིང་རྡུལ་ནུས་པ། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།