མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་གཉིས་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2018.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་གཉིས་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་བསྡུས་ནས། དུས་སྔོན་གྱི་བྱ་བའི་གནས་ཚུལ་ཐད་ཀྱི་ཡར་ཞུ་ལ་ཉན་པ་དང་། གྲོས་ཚོགས་ཀྱི་རྩ་འཛུགས་འཁོར་སྐྱོད་ཇུས་གཞི་ལ་ཞིབ་འཇུག་བགྲོ་གླེང་བྱས་པ་མ་ཟད། རྗེས་མཐུད་ཀྱི་གྲ་སྒྲིག་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཧྲིན་ཀྲང་གཞོན་པ་ཡཱང་ཧྥུན་ཁྲུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཡཱང་ཧྥུན་ཁྲུན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་བསྡུ་བའི་ཐད་ནས། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་ཐད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་ཉིན་རྒྱུན་གྱི་ལུས་སྦྱོང་ཐད་ཀྱི་དགོས་མཁོ་སྐོང་བར་དམིགས་པ་དང་། ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་གྱི་གྲུབ་འབྲས་ཆུ་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་དང་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱ་འགུལ་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་དམིགས་ནས། འགན་འཁྲི་ལག་བསྟར་ནན་མོ་དང་རྩ་འཛུགས་བཟང་བོ་བྱེད་པ་དང་། བདེ་འཇགས་སྲུང་སྐྱོབ་ནན་མོ་བྱེད་པ་དང་དྲིལ་སྒྲོག་བཟང་བོ་བྱེད་པ། ཞབས་འདེགས་བཟང་བོ་ཞུས་ཏེ། སྐབས་འདིའི་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་དེ་ས་ཁོངས་ཀྱི་ཁྱད་ཆོས་གསར་བ་ལྡན་པ་དང་། ལུས་རྩལ་གྱི་སྣང་ཚུལ་གསར་བ་ངོམ་པ། བདེ་ཐང་གི་མཚོ་སྔོན་གསར་བ་དྲིལ་སྒྲོག་བྱེད་པའི་ལུས་རྩལ་འགྲན་ཚོགས་སུ་བསྒྲུབ་པར་ཁག་ཐེག་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་གྱི་མི་དམངས་བཅས་ཡིད་ཚིམ་པར་བྱེད་དགོས་ཟེར།

གྲོས་ཚོགས་མ་འཚོགས་གོང་ལ། ཡཱང་ཧྥུན་ཁྲུན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་དེ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དམངས་ཡོང་ལུས་སྦྱོང་ལྟེ་གནས་དང་སྟོད་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་གཉིས་སུ་སོང་ནས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོ་སྤེལ་སའི་ཡུལ་དངོས་སུ་རྟོག་ཞིབ་བྱས།