དབྱང་ཅེ་ཁྲི་ཡིས་ཧན་གོའི་ཙུང་ཐུང་བུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།
2018.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

 ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ཡིས་ཧྲིག་ཨར་ཆིན་ཝ་ཐའེ་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

དབྱང་ཅེ་ཁྲི་ཡིས་ཐོག་མར་ཝུན་ཙེ་དབྱིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མིའི་ཆ་ནས་ཧན་གོར་འཚམས་འདྲི་བྱས། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཧན་གོ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དེ་ཡིན། ད་ལོ་ནི་ཀྲུང་གོ་དང་ཧན་གོའི་བར་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ཏེ་ལོ་བཅུ་ལོན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་གྱི་ཐུག་འཕྲད་ཀྱི་ཁྲིད་སྟོན་དང་མཛུབ་སྟོན་ནུས་པ་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་སྲིད་ཐད་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཐད་ནས་མཉམ་ལས་དང་འབྲེལ་འདྲིས་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

དབྱང་ཅེ་ཁྲི་ཡིས་ད་རུང་ཝུན་ཙེ་དབྱིན་ལ་ཉེ་སྔོན་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཀྲུང་གོར་འཚམས་འདྲི་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས།

ཝུན་ཙེ་དབྱིན་གྱིས་དབྱང་ཅེ་ཁྲི་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ཧན་གོ་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་བྱུང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་གསར་བའི་ནང་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་རེ་སྒུག་བྱས་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ནས། ཕྱེད་གླིང་ཞི་བདེ་དང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། གྲོས་མོལ་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་པའི་ཚུལ་བསྟན།