མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས།
2018.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་པུའུ་ལས་ཁུངས་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ཆེད་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཏུའུ་ཅེ་ཡིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ལག་བསྟར་གྱི་བསམ་ཕྱོགས་འཆར་འགོད་བྱེད་པ། རྒྱུན་མཐུད་ངང་བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ལྔ་བཞི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། སེམས་ཤུགས་གཅིག་བསྒྲིལ་གྱིས་མཁྲེགས་གཏོར་ཆེན་པོ་གསུམ་ཐད་ནས་རྒྱལ་ཁ་བླངས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྩ་འཛུགས་པུའུ་ཡིས་རང་སྟེང་གི་ཆབ་སྲིད་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསམ་བློ་གཞུང་ལུགས་ཀྱི་དྲག་ཆ་སྤྲས་པར་དམ་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྤེལ་བ། ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས་ཟེར།

ཚོགས་ཐོག་ནས། དུས་རབས་གསར་བའི་ལས་བྱེད་པ་བཟང་བོའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་མཐུད་ངང་རྩ་འཛུགས་ནུས་པ་མཐོར་འདེགས་བྱེད་པ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། བརྟན་སྲུང་ལྔ་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པ་དེ་ལས་བྱེད་པ་གདམ་གསེས་དང་ཚན་ཁག་སྡེབ་སྒྲིག་བྱེད་པའི་ཁ་ཕྱོགས་དང་། གཞི་རིམ་དམ་འཛིན་དང་རྨང་གཞི་བརྟན་པོ་འདིང་པའི་འགུལ་སྐྱོད། དཔུང་སྡེ་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་མང་འདྲེན་བྱེད་པའི་གྲུབ་འབྲས། དཔེ་སྟོན་སྡེ་ཁག་འཛུགས་སྐྲུན་བྱེད་པའི་ལག་ལེན་བཅས་ཀྱི་སྟེང་ནས་མངོན་པར་བྱེད་དགོས་པའི་རེ་བ་བཏོན།